ཧོང་ཀོང་སློབ་མ་ཞིག་གི་རྩོམ་ཡིག་ཐོག་རྙོག་གླེང་བྱུང་འདུག

ཨ་རིའི་མཐོ་སློབ་གཅིག་ནང་སློབ་སྦྱོང་བྱེད་བཞིན་པའི་ཧོང་ཀོང་སློབ་མ་བུད་མེད་གཅིག་གིས། མཐོ་སློབ་དེའི་བརྒྱུད་ལམ་ཐོག་ཏུ་རང་ཉིད་ཧོང་ཀོང་མི་རིགས་ཡིན་པ་ལས། རྒྱ་རིགས་ཡིན་པར་ངོས་འཛིན་བྱེད་ཀྱི་མེད་པའི་སྐོར་གྱི་རྩོམ་ཡིག་གཅིག་སྤེལ་རྐྱེན། རྒྱ་རིགས་སློབ་མ་མང་པོས་མོ་ལ་སྐྱོན་བརྗོད་ཆེན་པོ་བྱས་འདུག་པས། མཐོ་སློབ་ཁང་དེའི་རྒྱལ་སྤྱིའི་སློབ་མའི་ལས་དོན་ཁང་གི་འགན་འཛིན་གྱིས། བསམ་ཚུལ་མི་འདྲ་བར་གུས་བརྩི་ལྡན་པའི་ཐོག་ནས་བགྲོ་གླེང་བྱེད་རྒྱུ་གལ་ཆེན་ཡིན་སྐོར་བརྗོད་འདུག

ཨ་རིའི་མཐོ་སློབ་གཅིག་ནང་སློབ་སྦྱོང་བྱེད་བཞིན་པའི་ཧོང་ཀོང་སློབ་མ་བུད་མེད་གཅིག་གིས། མཐོ་སློབ་དེའི་བརྒྱུད་ལམ་ཐོག་ཏུ་རང་ཉིད་ཧོང་ཀོང་མི་རིགས་ཡིན་པ་ལས། རྒྱ་རིགས་ཡིན་པར་ངོས་འཛིན་བྱེད་ཀྱི་མེད་པའི་སྐོར་གྱི་རྩོམ་ཡིག་གཅིག་སྤེལ་རྐྱེན། རྒྱ་རིགས་སློབ་མ་མང་པོས་མོ་ལ་སྐྱོན་བརྗོད་ཆེན་པོ་བྱས་འདུག་པས། མཐོ་སློབ་ཁང་དེའི་རྒྱལ་སྤྱིའི་སློབ་མའི་ལས་དོན་ཁང་གི་འགན་འཛིན་གྱིས། བསམ་ཚུལ་མི་འདྲ་བར་གུས་བརྩི་ལྡན་པའི་ཐོག་ནས་བགྲོ་གླེང་བྱེད་རྒྱུ་གལ་ཆེན་ཡིན་སྐོར་བརྗོད་འདུག

ཟླ་༥ པའི་ཚེས་༡ ཉིན་ཧོང་ཀོང་རང་དབང་གསར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་ཨ་རིའི་བྷོ་སེ་ཊོན་གྱི་ཨི་མེར་སོན་མཐོ་སློབ་ཁང་དུ་གསར་འགོད་རིག་པ་སློབ་གཉེར་བྱེད་བཞིན་པའི་ཧོང་ཀོང་སློབ་མ་ཧྥེ་རན་སི་སེ་ཧུའེ་ཡིས། མཐོ་སློབ་ཁང་དེའི་གསར་འགྱུར་བརྒྱུད་ལམ་ཐོག་ཏུ། ང་རང་ཧོང་ཀོང་ནས་ཡིན་པ་ལས་རྒྱ་ནག་ནས་མིན་ཞེས་པའི་ཁ་བྱང་ཅན་གྱི་རྩོམ་ཡིག་གཅིག་སྤེལ་འདུག་པ་དང་། དེའི་ནང་ཁོང་གིས་ཧོང་ཀོང་དེ་རྒྱ་ནག་གི་དབང་འོག་ཏུ་ཡོད་ཀྱང་། རང་ཉིད་སོ་སོ་ཧོང་ཀོང་མི་རིགས་ཡིན་པར་ངོས་འཛིན་བྱེད་པ་ལས། རྒྱ་རིགས་ཡིན་པར་ངོས་འཛིན་བྱེད་ཀྱི་མེད། དེ་བཞིན་ཕྱི་ལོ་༢༠༡༨ ལོའི་བསམ་ཚུལ་བསྡུ་ལེན་གྱི་གྲུབ་དོན་ཞིག་ཏུ་ཧོང་ཀོང་མི་མང་བརྒྱ་ཆ་༤༠ ལྷག་གིས་སོ་སོ་ཧོང་ཀོང་མི་རིགས་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། བརྒྱ་ཆ་༡༥ ཡིས་རྒྱ་རིགས་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པའི་གྲུབ་དོན་ཐོན་ཡོད་པ། དེ་བཞིན་ཧོང་ཀོང་གི་ལོ་རྒྱུས་དང་ཉེ་བའི་ཆར་ཧོང་ཀོང་ནང་གི་མང་གཙོའི་ལས་འགུལ་ཆེན་མོ་ཁག་གི་ལོ་རྒྱུས་སྐོར་བྲིས་ནས་ཧོང་ཀོང་དང་བོད། ཐའེ་ཝན་སོགས་ནས་ཡིན་པའི་སློབ་མ་ཚོས། སོ་སོ་རྒྱ་རིགས་ཡིན་པར་ངོས་འཛིན་མ་བྱས་ཚེ། རྒྱ་རིགས་སློབ་མ་ཚོས་སྐྱོན་བརྗོད་ཤུགས་ཆེན་བྱེད་ཀྱི་ཡོད་པ་ལ་གདོང་ལེན་བྱེད་དགོས་ཀྱི་ཡོད་སྐོར་བརྗོད་ནས། བོད་རིགས་སློབ་མ་འཆི་མེད་ལྷ་མོའི་གནད་དོན་སྐོར་འཁོད་འདུག

རྩོམ་ཡིག་དེ་སྤེལ་རྗེས་མཐོ་སློབ་ཁང་དེའི་རྒྱ་རིགས་སློབ་མ་གསུམ་གྱིས། བརྒྱུད་ལམ་དེའི་ཐོག་ལན་འདེབས་ཀྱི་རྩོམ་ཡིག་གཅིག་སྤེལ་ནས། མོའི་རྩོམ་ཡིག་དེས་ཀློག་པ་པོ་རྣམས་ལ་གནས་ཚུལ་དྲང་བདེན་སྤྲད་ཐུབ་མེད་པས། དེས་གོ་བ་ལོག་པ་སྤྲད་སྲིད་པ་དང་། ཧོང་ཀོང་དེ་རྒྱལ་སྤྱིའི་ནང་རྒྱ་ནག་གི་མངའ་ཁོངས་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད་པ། དེ་བཞིན་ཧོང་ཀོང་མི་མང་ནང་སོ་སོའི་མི་རིགས་ཀྱི་ངོ་བོ་ངོས་འཛིན་བྱེད་པའི་དཀའ་ངལ་དེ་ཁུངས་སྐྱེལ་ཆེད་དུ། ཧོང་ཀོང་དང་བོད། ཐའེ་ཝན་བཅས་མཚུངས་བསྡུར་བྱེད་མི་རུང་བ་དང་། གལ་ཏེ་དེ་ལྟར་བྱས་ཚེ་དེ་ནི་སྤྱི་མཚན་དུ་བསྡུ་བའི་བྱ་སྤྱོད་གཅིག་ཡིན་སྐོར་བརྗོད་ནས། སྤྱིར་བཏང་ཆ་ནས་མཐོ་སློབ་ཁང་གི་བརྒྱུད་ལམ་དེས། སློབ་མ་སོ་སོའི་བསམ་ཚུལ་བཏོན་པའི་རང་དབང་ཅན་གྱི་སྡིངས་ཆ་བསྐྲུན་པར་བསྔགས་བརྗོད་ཡོད་རུང་། མོའི་རྩོམ་ཡིག་དེས་གོ་བ་ལོག་པ་དང་སྤྱི་མཚན་དུ་བསྡུ་བའི་གནས་ཚུལ་ཁྱབ་སྤེལ་གཏོང་སྲིད་སྐོར་བརྗོད་ནས། བརྒྱུད་ལམ་དེ་མཐོ་སློབ་ཁང་དུ་ཡོད་པའི་གྲངས་ཉུང་མི་རིགས་ཀྱི་སློབ་མ་རྣམས་གཅིག་སྒྲིལ་བཟོ་བའི་སྡིངས་ཆ་ཞིག་ཆགས་དགོས་པ་ལས། ཁ་འཐོར་གཏོང་བའི་སྡིངས་ཆ་ཞིག་ཆགས་མི་རུང་སྐོར་བྲིས་འདུག

ཧོང་ཀོང་གི་སློབ་མ་དེའི་རྩོམ་ཡིག་ལ་མཆན་༣༠༠ ལས་མང་བ་བཀོད་ཡོད་འདུག་པ་དང་། དེའི་ལན་འདེབས་རྩོམ་ཡིག་ལ་ཡང་ལྟ་ཀློག་བྱེད་མཁན་དང་མཆན་བཀོད་མཁན་མང་དུ་བྱུང་འདུག ཧོང་ཀོང་གི་སློབ་མ་དེས་བརྒྱུད་ལམ་ཁག་ཏུ། མོའི་རྩོམ་ཡིག་ལ་བརྟེན་ནས་མཐོ་སློབ་ཁང་དེའི་རྒྱ་རིགས་སློབ་མ་ཚོས་མོ་ལ་དམའ་འབེབས་དང་ཉེས་འཛུགས་མང་པོ་བྱས་རྐྱེན། བདེ་འཇགས་ཀྱི་ཚོར་བ་མེད་པ་ཆགས་པ་དང་། དེ་བཞིན་མོ་ལ་རྒྱབ་སྐྱོར་བྱེད་མཁན་ཐའེ་ཝན་སློབ་མ་ཁག་ཅིག་ཀྱང་རྒྱ་རིགས་སློབ་མ་ཚོའི་དམིགས་འབེན་ཆགས་ཡོད་སྐོར་བརྗོད་འདུག

གནད་དོན་དེ་ལ་བརྟེན་ནས་མཐོ་སློབ་ཁང་དེའི་རྒྱལ་སྤྱིའི་སློབ་མའི་ལས་དོན་ཁང་གི་འགན་འཛིན་གྱིས་གློག་འཕྲིན་ཞིག་བཏང་ནས། རྩོམ་ཡིག་དེ་དང་དེའི་ལན་འདེབས་རྩོམ་ཡིག་གཉིས་ཀྱི་རྩོམ་པ་པོ་ཚོས། སོ་སོའི་བསམ་ཚུལ་སྤེལ་བར་བསྔགས་བརྗོད་བྱེད་ཀྱི་ཡོད་རུང་། རྩོམ་ཡིག་དེ་གཉིས་ལ་མཆན་འགོད་མཁན་ཚོས་ཚིག་རྩུབ་བེད་སྤྱོད་བྱས་ཡོད་པ་དེར་བློ་ཕམ་ཡོད་པས། གནད་དོན་ཐོག་བཟང་སྤྱོད་ལྡན་པའི་བགྲོ་གླེང་བྱེད་རྒྱུ་གལ་ཆེན་ཡིན་སྐོར་བརྗོད་ཡོད་འདུག

ལོ་མང་སྔོན་ནས་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་གཙུག་ལག་སློབ་གཉེར་ཁང་མང་པོ་ཞིག་ནང་། རྒྱ་ནག་ནས་རྒྱ་རིགས་སློབ་མ་ཕོན་ཆེན་འཛུལ་བཞིན་ཡོད་པ་དང་། དེ་དག་མང་པོ་ཞིག་གིས་སློབ་གཉེར་ཁང་དེ་དག་གི་ཁོར་ཡུག་ནང་རྒྱ་ནག་ལ་ཁ་གཏད་ཀྱི་བགྲོ་གླེང་དང་གཏམ་བཤད། དེ་བཞིན་ལས་འགུལ་རིགས་ལ་འགོག་རྐྱེན་བཟོ་བཞིན་ཡོད་པས། མི་མང་པོ་ཞིག་གིས་དེ་དག་ལ་རྒྱ་ནག་གཞུང་གི་ཤུགས་རྐྱེན་ཡོད་པའི་དོགས་པ་ཆེན་པོ་བྱེད་བཞིན་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།