ཧོན་ཌུ་རཱསེའི་མི་མང་གིས་བུད་མེད་སྲིད་འཛིན་ཐོག་མར་དེ་འོས་འདེམས་བྱས་འདུག
སྨྱོ་རྫས་དང་འབྲེལ་བའི་དྲག་སྤྱོད་དང་ལྐོག་ཟ་རུང་སུངས། དབུལ་ཕོངས་སོགས་ཀྱི་དཀའ་ངལ་ནང་དུ་ཡོད་པའི་ཧོན་ཌུ་རཱསེའི་མི་མང་གིས། རྒྱལ་ཁབ་དེའི་ལོ་རྒྱུས་ནང་གི་བུད་མེད་སྲིད་འཛིན་ཐོག་མར་དེ་འོས་འདེམས་བྱས་འདུག
སྨྱོ་རྫས་དང་འབྲེལ་བའི་དྲག་སྤྱོད་དང་ལྐོག་ཟ་རུང་སུངས། དབུལ་ཕོངས་སོགས་ཀྱི་དཀའ་ངལ་ནང་དུ་ཡོད་པའི་ཧོན་ཌུ་རཱསེའི་མི་མང་གིས། རྒྱལ་ཁབ་དེའི་ལོ་རྒྱུས་ནང་གི་བུད་མེད་སྲིད་འཛིན་ཐོག་མར་དེ་འོས་འདེམས་བྱས་འདུག
ཟླ་༡༢ པའི་ཚེས་༡ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཉེ་ཆར་ཧོན་ཌུ་རཱསེ་(Honduras) རྒྱལ་ཁབ་ཀྱིས་སྲིད་འཛིན་འོས་བསྡུ་གོ་སྒྲིག་བྱས་འདུག་པ་དང་། ད་ལྟའི་ཆར་འོས་བསྡུའི་གྲུབ་འབྲས་ཆ་ཚང་ཕྱིར་བསྒྲགས་བྱེད་ཐུབ་མེད་འདུག་ཀྱང་། ད་ལྟ་བར་འོས་བཤེར་གྲུབ་པའི་གྲུབ་འབྲས་ལ་གཞིགས་ནས་གཞུང་འཛིན་སྲིད་དོན་ཚོགས་པས་ཕམ་ཁ་ཁས་ལེན་བྱས་ཏེ། གཡས་ཕྱོགས་ཀྱི་ལྟ་བ་འཛིན་མཁན་རང་དབང་སྲིད་དོན་ཚོགས་པའི་སྲིད་འཛིན་འོས་མི་ལྕམ་ཤཱིའོ་མཱ་རཱ་ཁཱསེ་ཀྲེརཱོ་(Xiomara Castro) ལ་མཚམས་འདྲི་ཞུས་ཟིན་འདུག
དེ་ཡང་གཞུང་འཛིན་སྲིད་དོན་ཚོགས་པ་(National Party) ཡིས་ད་བར་ལོ་ངོ་༡༢ ཡི་རིང་རྒྱལ་ཁབ་དེའི་སྲིད་དབང་བཟུང་ཡོད་པ་དང་། དུས་སྐབས་དེའི་རིང་ལྐོག་ཟ་རུལ་སུངས་དང་སྨྱོ་རྫས་དང་འབྲེལ་བའི་དྲག་སྤྱོད། དཔལ་འབྱོར་ཉམས་རྒུད་སོགས་ཀྱི་རྐྱེན་པས་མི་མང་ཕོན་ཆེན་ཨ་རིར་གནས་སྤོ་འགྲོ་བཞིན་ཡོད་པས། ཐེངས་འདིར་སྲིད་གཞུང་གསར་པ་དེར་མི་མང་གིས་རེ་བ་བཟང་པོ་རྒྱག་བཞིན་ཡོད་འདུག
སྲིད་འཛིན་འོས་ཐོབ་པ་ལྕམ་ཤཱིའོ་མཱ་རཱ་ཁཱསེ་ཀྲེརཱོ་ནི་རྒྱལ་ཁབ་དེའི་ལོ་རྒྱུས་ནང་གི་བུད་མེད་ཀྱི་སྲིད་འཛིན་ཐོག་མ་དེ་ཆགས་རྒྱུ་རེད་འདུག སྤྱིར་བཏང་ཁོང་གི་ཁྱོ་གས་དེ་སྔོན་ཕྱི་ལོ་༢༠༠༦ ནས་༢༠༠༩ བར་སྲིད་འཛིན་བྱས་འདུག་ཀྱང་། ༢༠༠༩ ལོར་སྲིད་དབང་བཙན་འཕྲོག་བྱས་ཏེ་ཁོང་ལས་གནས་ནས་ཕྱིར་འབུད་བཏང་ཡོད་པས། ཐེངས་འདིར་གཞུང་འཛིན་སྲིད་དོན་ཚོགས་པ་ནས་ཡོངས་གྲགས་སུ་འོས་བསྡུའི་ཕམ་ཁ་ཁས་ལེན་བྱས་པ་ལ་བརྟེན་ནས། མ་འོངས་པར་རྩོད་རྙོག་སོགས་མི་འབྱུང་བའི་རེ་བ་ཆེན་པོ་ཡོད་འདུག
འོས་ཐོབ་ལྕམ་ཤཱིའོ་མཱ་རཱ་ཁཱསེ་ཀྲེརཱོ་ཡིས་རྒྱལ་ཁབ་དེ་སྨྱོ་རྫས་ཀྱི་དབང་ཆ་གཅིག་སྡུད་དང་ལྐོག་ཟ་རུལ་སུངས་ཀྱི་མཚོ་གཏིང་ནས་ཕྱིར་འདོན་རྒྱུ་ཡིན་པའི་ཁས་ལེན་བྱས་འདུག དེ་ཡང་ལས་ཁུར་སྲིད་འཛིན་གྱི་བུ་སྤུན་ཞིག་ཨ་རིས་སྨྱོ་རྫས་ཁྲིམས་འགལ་ཐོག་ནས་འོར་འདྲེན་དང་ཚོང་འགྲེམ་བྱས་པའི་ཉེས་འཛུགས་འོག་བཙོན་འཇུག་བྱས་ཡོད་པས། མི་མང་ཚོས་སྲིད་འཛིན་ཁོང་ཡང་ཁྲིམས་འགལ་གྱི་ལས་དོན་དང་འབྲེལ་བ་ཡོད་པའི་དོགས་པ་བྱེད་བཞིན་འདུག
ཨ་རིའི་ཕྱི་སྲིད་དྲུང་ཆེ་ཨན་ཐོ་ནཱི་བྷེལ་ཀེན་གྱིས་ལྕམ་ཁོང་ལ་འཚམས་འདྲི་ཞུས་ནས། ཨ་རིའི་སྲིད་གཞུང་གིས་ཁོང་ལ་མཉམ་ལས་བྱེད་རྒྱུའི་ངང་སྒུག་བྱེད་བཞིན་ཡོད་སྐོར་བརྗོད་འདུག
མི་མང་ཚོས་སྲིད་གཞུང་གསར་པས་རྒྱལ་ཁབ་ནང་འགྱུར་བ་བཟང་པོ་མང་པོ་ཞིག་ངོ་སྤྲོད་བྱས་ཏེ། དཔལ་འབྱོར་དང་བདེ་འཇགས་སོགས་ཡར་རྒྱས་འགྲོ་བའི་རེ་བ་ཆེན་པོ་བྱེད་བཞིན་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།