ཧྥ་རན་སིའི་གྲོས་ཚོགས་ཀྱི་འོས་བསྡུའི་དུས་རིམ་དང་པོའི་ཁྲོད་གཡས་ཕྱོགས་ཚོགས་པ་ལ་རྒྱལ་ཁ་ཆེན་པོ་ཐོབ།

ཟླ་འདིའི་ཚེས་༡ ་ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཧྥ་རན་སིའི་གྲོས་ཚོགས་ཀྱི་འོས་བསྡུའི་དུས་རིམ་དང་པོའི་ཁྲོད་གཡས་ཕྱོགས་ཆབ་སྲིད་ཚོགས་པ་ལ་རྒྱལ་ཁ་ཆེན་པོ་ཐོབ་ཅིང་ལས་ཐོག་སྲིད་འཛིན་གྱི་ཕྱོགས་ཁག་ལ་ཕམ་ཉེས་བྱུང་ཡོད་པའི་གནས་ཚུལ་ཐོན་འདུག

ཧྥ་རན་སིའི་གྲོས་ཚོགས་ཀྱི་འོས་བསྡུའི་དུས་རིམ་གཉིས་ལས་དུས་རིམ་དང་པོ་དེ་ཁ་སང་རེས་གཟའ་ཉི་མ་དང་དུས་རིམ་གཉིས་པ་དེ་ཟླ་འདིའི་ཚེས་༧ ་ཉིན་འཁེལ་གྱི་ཡོད་འདུག དུས་རིམ་དང་པོའི་འོས་བསྡུའི་ཁྲོད། ཧྥ་རན་སིའི་ནང་ཆབ་སྲིད་ཕྱོགས་ཁག་ཆེ་གྲས་གསུམ་ཡོད་པའི་ནང་ནས། གཡས་ཕྱོགས་ཚོགས་པ་ལ་དེ་སྔ་བྱུང་མ་མྱོང་བའི་རྒྱལ་ཁ་ཆེན་པོ་ཐོབ་ཡོད་འདུག ཆེས་མཐའ་མའི་འོས་བསྡུའི་གྲུབ་འབྲས་དེ་གཏན་འཁེལ་མེད་ན་ཡང། གལ་སྲིད་གཡས་ཕྱོགས་ཚོགས་པས་མ་འོངས་པར་ཧྥ་རན་སིའི་གཞུང་བཟུང་བ་ཡིན་ན། འཛམ་གླིང་དམག་ཆེན་གཉིས་པའི་རྗེས་ཀྱི་གཡས་ཕྱོགས་ཚོགས་པས་གཞུང་བཟུང་བ་ཐོག་མ་ཆགས་ཀྱི་ཡོད་འདུག

འོས་བསྡུའི་དུས་རིམ་དང་པོ་གྲུབ་རྗེས། གཡས་ཕྱོགས་ཚོགས་པའི་འགོ་ཁྲིད་(Bardella) ་ཡིས་གལ་སྲིད་ཧྥ་རན་སིའི་མི་མང་གིས་ང་ཚོ་ལ་འོས་འཕངས་ན། ང་ཧྥ་རན་སི་མི་མང་ཀུན་གྱི་སྲིད་བློན་བྱེད་འདོད་ཡོད་ཅེས་བརྗོད་འདུག་ལ། ཟླ་བ་སྔོན་མའི་ནང་ཁོང་གིས་གལ་སྲིད་གཡས་ཕྱོགས་པ་ལ་འོས་བསྡུའི་རྒྱལ་ཁ་ཐོབ་ཚེ་ཡུག་རེན་ལ་དམག་དཔུང་གཏོང་རྒྱུ་མིན་ཞེས་བརྗོད་ཡོད་འདུག  ཕྱི་ལོ་༢༠༢༢ ལོར་ཨུ་རུ་སུ་དང་ཡུག་རེན་བར་དམག་འཁྲུག་འགོ་བཙུགས་ནས་བཟུང་། ཧྥ་རན་སི་ནི་ཡུག་རེན་ལ་རྒྱབ་སྐྱོར་བྱེད་མཁན་ནུབ་ཕྱོགས་རྒྱལ་ཁབ་གཙོ་བོའི་གྲས་ཤིག་ཆགས་ཀྱི་ཡོད་པ་དང་། ལོ་འདིའི་ཕྱི་ཟླ་༢ པའི་ནང་། ཧྥ་རན་སིའི་སྲིད་འཛིན་གྱིས་ཡུག་རེན་ལ་དམག་དཔུང་གཏོང་གི་མིན་ཞེས་བརྗོད་ཐུབ་ཀྱི་མ་རེད་ཅེས་བརྗོད་ནས་མཐུན་ཕྱོགས་རྒྱལ་ཁབ་ཚོ་འགྲོགས་བཅུག་ཡོད་འདུག

ཧྥ་རན་སིའི་ནང་སྲིད་ལྷན་ཁང་གིས་ཕྱི་ལོ་༢༠༢༢ ལོའི་འོས་བསྡུའི་རིམ་པ་དང་པོ་དང་བསྡུར་ན་འོས་ཤོག་འཕེན་ཚད་བརྒྱ་ཆ་༢༠% ་ཙམ་འཕར་ཡོད་ཅེས་བརྗོད་འདུག

འོས་བསྡུའི་རྒྱལ་ཁ་སུ་ལ་ཐོབ་མིན་ཐོག་བསམ་ཚུལ་བསྡུ་ལེན་ཞིག་བྱས་ཡོད་པའི་ནང་། གཡས་ཕྱོགས་ཚོགས་པ་ལ་བརྒྱ་ཆ་༣༥-༣༧% གཡོན་ཕྱོགས་ཚོགས་པ་སོགས་ལ་འོས་ཤོག་བརྒྱ་ཆ་༢༧.༥-༢༩%། ལས་ཐོག་སྲིད་འཛིན་གྱི་ཆབ་སྲིད་ཕྱོགས་ཁག་ལ་འོས་ཤོག་བརྒྱ་ཆ་༢༠-༢༡% ཐོབ་རྒྱུ་བཅས་ཀྱི་བསམ་ཚུལ་བཏོན་ཡོད་འདུག  གལ་སྲིད་འོས་བསྡུའི་གྲུབ་འབྲས་དེ་བསམ་ཚུལ་བསྡུ་ལེན་གྱི་གྲུབ་འབྲས་དང་མཐུན་ཚེ། ཧྥ་རན་སིའི་སྲིད་བློན་ནི་ཕྱོགས་འགལ་ཚོགས་པ་ནས་བསླེབ་རྒྱུ་ཡོད་པ་དང་། ད་བར་ལོ་ངོ་༢༢ རིང་ཧྥ་རན་སིའི་སྲིད་འཛིན་དང་སྲིད་བློན་གཉིས་ཆབ་སྲིད་ཚོགས་པ་ཁ་ཁ་ནས་བསླེབས་མྱོང་མེད་པ་རེད་འདུག 

ཧྥ་རན་སིའི་གྲོས་ཚོགས་སུ་ཞབས་སྟེགས་༥༧༧ ཡོད་པ་དང་མང་མོས་ཡོང་བར་ཞབས་སྟེགས་༢༨༩ དགོས་ཀྱི་ཡོད་འདུག ཧྥ་རན་སིའི་ནང་ཟ་འབྲུ་དང་ནུས་ཤུགས་ཀྱི་རིན་གོང་འཕར་བ་སོགས་ཀྱིས་འོས་བསྡུ་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་འདུག ཧྥ་རན་སིའི་ནང་སྐྱབས་བཅོལ་བ་མང་ཞིང་། ལྷག་པར་དུ་ཁ་ཆེ་བ་ཧ་ཅང་མང་བའི་རྒྱལ་ཁབ་ཅིག་ཆགས་ཀྱི་ཡོད་འདུག་པས།  གལ་སྲིད་གཡས་ཕྱོགས་ཚོགས་པ་ལ་རྒྱལ་ཁ་ཐོབ་ཚེ་ཧྥ་རན་སིའི་ནང་ཁུལ་གྱི་དཀའ་ངལ་མང་པོ་ཞིག་ཆེ་རུ་འགྲོ་རྒྱུ་ཡིན་པར་བརྗོད་འདུག།


གསར་འགོད་པ། བློ་བཟང་རྒྱ་མཚོ།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།