ཧྥ་རན་སིའི་འོས་བསྡུའི་སྐབས་གཡས་ཕྱོགས་ཆབ་སྲིད་ཚོགས་པར་ཕམ་ཁ་བྱུང་བ་དེས་མི་རྣམས་ཧ་ལས་བཅུག
ཟླ་འདིའི་ཚེས་༨ ་ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཧྥ་རན་སིའི་གྲོས་ཚོགས་ཀྱི་འོས་བསྡུའི་དུས་རིམ་གཉིས་པའི་ཁྲོད་གཡོན་ཕྱོགས་ཆབ་སྲིད་ཚོགས་པ་ལ་རྒྱལ་ཁ་ཐོབ་ནས་མི་རྣམས་ཀྱི་ཚོད་དཔག་ལས་འདས་པའི་གནས་ཚུལ་ཐོན་འདུག
བདུན་ཕྲག་སྔོན་མའི་རེས་གཟའ་ཉི་མའི་ཉིན། ཧྥ་རན་སིའི་སྐབས་བཅུ་བདུན་པའི་གྲོས་ཚོགས་ཀྱི་འོས་བསྡུ་གཉིས་པ་དེ་བྱས་ཡོད་པ་དང་། ཐེངས་འདིའི་འོས་བསྡུའི་ཁྲོད་གཡས་ཕྱོགས་ཆབ་སྲིད་ཚོགས་པར་གྲོས་ཚོགས་ཀྱི་ཞབས་སྟེགས་༡༨༨ དང་ལས་ཐོག་སྲིད་འཛིན་གྱི་ཕྱོགས་ཁག་ལ་ཞབས་སྟེགས་༡༦༡ ཐོབ། དེ་བཞིན་གཡས་ཕྱོགས་ཆབ་སྲིད་ཚོགས་པ་ལ་ཞབས་སྟེགས་༡༤༢ ཐོབ་ཡོད་འདུག ཧྥ་རན་སིའི་གྲོས་ཚོགས་སུ་ཞབས་སྟེགས་༥༧༧ ཡོད་པ་དང་ཆབ་སྲིད་ཚོགས་པའམ། མཉམ་འབྲེལ་ཆབ་སྲིད་ཚོགས་པ་ཞིག་ལ་མང་མོས་ཡོང་བར་ཞབས་སྟེགས་ཉུང་མཐར་༢༨༩ ཐོབ་དགོས་ཀྱང་། ཐེངས་འདིའི་འོས་བསྡུའི་ཁྲོད་མང་མོས་ཐོབ་མཁན་ཆབ་སྲིད་ཚོགས་པ་གཅིག་ཀྱང་བྱུང་མི་འདུག
ཧྥ་རན་སིའི་གྲོས་ཚོགས་ཀྱི་འོས་བསྡུ་རིམ་པ་དང་པོ་དེ་ཟླ་བ་སྔོན་མའི་ཚེས་༣༠ ཉིན་བྱེད་པའི་སྐབས། གཡས་ཕྱོགས་ཚོགས་པ་ལ་དེ་སྔ་བྱུང་མ་མྱོང་བའི་རྒྱལ་ཁ་ཆེན་པོ་ཞིག་ཐོབ་པར་བརྟེན། ཐེངས་འདིའི་འོས་བསྡུའི་རྒྱལ་ཁ་གཡས་ཕྱོགས་ཚོགས་པར་ཐོབ་རྒྱུའི་ཚོད་དཔག་བྱས་ཀྱང་། བདུན་ཕྲག་གཅིག་གི་རྗེས་འོས་བསྡུ་ཐེངས་གཉིས་པ་དེ་བྱེད་སྐབས། གཡས་ཕྱོགས་ཚོགས་པར་ཕམ་ཁ་བྱུང་ནས་ཨང་གསུམ་པར་ཟགས་ཤིང་། འོས་བསྡུའི་གྲུབ་འབྲས་ཀྱིས་མི་མང་པོ་ཧ་ལས་དགོས་པ་བཟོས་ཡོད་འདུག
བདུན་འདིའི་རེས་གཟའ་ཟླ་བའི་ཉིན། ཧྥ་རན་སིའི་སྲིད་བློན་གྱིས་དགོངས་ཞུ་ཕུལ་ཡོད་ཀྱང་། སྲིད་འཛིན་གྱིས་སྤྱི་ཚོགས་བརྟན་ལྷིང་ཆེད་སྲིད་བློན་གྱི་གོ་གནས་མུ་མཐུད་བཞེས་པའི་འབོད་སྐུལ་ཞུས་ནས་དགོངས་པ་གནང་མེད་པ་རེད་འདུག ཧྥ་རན་སིའི་སྲིད་བློན་ནི་སྲིད་འཛིན་གྱིས་འདེམས་སྲོལ་ཡོད་པ་དང་། ད་བར་སྲིད་བློན་མང་ཆེ་བ་ནི་སྲིད་འཛིན་རང་ཉིད་ཀྱི་ཆབ་སྲིད་ཚོགས་པ་ནས་འདེམས་ཀྱི་ཡོད་ན་ཡང་། ཐེངས་འདིའི་འོས་བསྡུའི་ཁྲོད་སྲིད་འཛིན་གྱི་ཆབ་སྲིད་ཕྱོགས་ཁག་ལ་ཕམ་ཉེས་བྱུང་ཡོད་པར་བརྟེན། མ་འོངས་པའི་སྲིད་བློན་ནི་ཆབ་སྲིད་ཚོགས་པ་གཞན་ཞིག་ནས་ཡོང་སྲིད་པ་རེད་འདུག
ཧྥ་རན་སིའི་སྲིད་འཛིན་མེ་ཁེ་རོམ་གྱིས་རང་ཉིད་ཀྱི་སྲིད་འཛིན་དུས་ཡུན་ཕྱི་ལོ་༢༠༢༧ བར་ཡོད་པ་དང་། ཁོང་གི་འགན་འཁུར་གྱི་དུས་ཡུན་མ་རྫོགས་བར་སྲིད་སྟེགས་ནས་འབབ་རྒྱུ་མིན་ཞེས་བརྗོད། མཉམ་འབྲེལ་གཞུང་འཛིན་པ་སུ་བྱུང་ཡང་། སྲིད་འཛིན་མེ་ཁེ་རོམ་གྱིས་ཧ་མ་སི་དང་ཨི་སི་རེལ་གྱི་ཐོག་འཛིན་པའི་སྲིད་བྱུས་དང་། རྒྱལ་ནང་གི་རྒས་ཕོགས་དང་འབྲེལ་བའི་སྲིད་བྱུང་སོགས་ཀྱི་ཐོག་ལ་རྒྱབ་སྐྱོར་བྱེད་མི་སྲིད་པ་ལྟ་བུར་གྱུར་ཡོད་འདུག
ད་ལྟའི་ཆར་ཧྥ་རན་སིའི་གྲོས་ཚོགས་ཀྱི་ཞབས་སྟེགས་དག་ཆབ་སྲིད་ཚོགས་པ་གསུམ་གྱི་ལག་ཏུ་ཡོད་ཅིང་། ཆབ་སྲིད་ཚོགས་པ་མཉམ་འབྲེལ་གྱིས་གཞུང་ཞིག་འཛིན་པར་གྲོལ་མོལ་བྱེད་བཞིན་ཡོད་འདུག ཕྱི་ལོ་༡༩༥༨ ནས་བཟུང་ཆབ་སྲིད་ཚོགས་པ་མཉམ་འབྲེལ་གྱིས་གཞུང་ཐེངས་གསུམ་ཙམ་འཛིན་མྱོང་ཡོད་ན་ཡང་། ཕྱི་ལོ་༢༠༠༢ ནས་ད་བར་ཆབ་སྲིད་ཚོགས་པ་མཉམ་འབྲེལ་གྱིས་གཞུང་བཟུང་མེད་པ་རེད་འདུག
ཧྥ་རན་སི་ནི་ཡུ་རོབ་ནང་གི་དཔལ་འབྱོར་ཨང་གཉིས་པ་དང་དམག་དོན་སྟོབས་ཤུགས་ཆེ་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་པ་དང་། ད་ནས་བདུན་ཕྲག་གསུམ་ཙམ་གྱི་རྗེས་སུ་འཛམ་གླིང་ཨོ་རྩལ་འགྲན་ཚོགས་གོ་སྒྲིག་བྱེད་མཁན་ཡང་ཆགས་ཀྱི་ཡོད་པར་བརྟེན། སྤྱི་ཚོགས་ལྷིང་འཇགས་དང་ཆབ་སྲིད་སྲ་བརྟན་ཡོང་རྒྱུ་གལ་ཆེན་ཆགས་ཀྱི་ཡོད་ཀྱང་། ད་ལྟའི་ཆར་ཧྥ་རན་སིའི་སྲིད་བློན་སུ་འདེམས་དགོས་པ་དང་། གཞུང་ཇི་ལྟར་འཛིན་དགོས་མིན་ཐོག་གྲོས་མོལ་བྱེད་བཞིན་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།