ཧྥ་རན་སིའི་ཡེ་ཤུ་ལྷ་ཁང་ཁག་ནང་བྱིས་པར་ཆགས་སྤྱོད་བྱེད་མཁན་ཆོས་དཔོན་སོགས་༣༠༠༠ ལས་མང་བ་བྱུང་ཡོད་འདུག
འདས་པའི་ལོ་ཤས་རིང་འཛམ་གླིང་གི་ཡུལ་གྲུ་མང་པོ་ཞིག་ནང་ཡེ་ཤུ་ཁཱེ་ཐོ་ལེག་ལྷ་ཁང་ཁག་གི་ནང་དུ། བྱིས་པར་བཙན་གཡེམ་སོགས་ཆགས་སྤྱོད་བྱེད་མཁན་གྱི་ཆོས་དཔོན་དང་ལས་བྱེད་སོགས་སྟོང་ཕྲག་མང་པོ་བྱུང་ཡོད་པ་དང་། གནས་ཚུལ་མང་པོ་ཞིག་སྦས་ཐབས་བྱས་ཡོད་པའི་གནས་ཚུལ་ཐོན་པ་ལྟར། ཧྥ་རན་སིའི་ལྷ་ཁང་ཁག་གི་ནང་དུ་བྱིས་པར་ཆགས་སྤྱོད་བྱེད་མཁན་ཆོས་དཔོན་སོགས་ལས་བྱེད་༣༠༠༠ ལས་མང་བ་བྱུང་ཡོད་འདུག
ཟླ་༡༠ པའི་ཚེས་༤ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཕྱི་ལོ་༢༠༡༨ ལོར་ཧྥ་རན་སིའི་ཁཱེ་ཐོ་ལེག་ལྷ་ཁང་ཁག་གི་འཛིན་སྐྱོང་ནས། རྒྱལ་ཁབ་དེའི་ཡེ་ཤུ་ཁཱེ་ཐོ་ལེག་ལྷ་ཁང་ཁག་གི་ནང་དུ་བྱིས་པ་གཙོས་པའི་དད་ལྡན་པ་རྣམས་ལ་བཙན་གཡེམ་སོགས་ཆགས་སྤྱོད་ཀྱི་གནོད་འཚེའི་སྐོར་ཞིབ་འཇུག་བྱེད་ཆེད་དུ། རང་དབང་ལྡན་པའི་ཞིབ་འཇུག་ཚོགས་ཆུང་ཞིག་བཙུགས་ཡོད་པ་རེད་འདུག ཚོགས་ཆུང་ནང་དུ་ཁྲིམས་ལུགས་ཆེད་ལས་པ་དང་སྨན་པ། ལོ་རྒྱུས་སྨྲ་བ། སྤྱི་ཚོགས་རིག་གནས་པ། ཆོས་ལུགས་རིག་གནས་པ་སོགས་མི་གྲངས་༢༢ ཡོད་འདུག ཁོ་ཚོས་ལོ་ངོ་གཉིས་དང་ཕྱེད་ཀ་ཙམ་གྱི་ཞིབ་འཇུག་བྱས་རྗེས་གྲུབ་དོན་སྙན་ཐོ་དེ་ཚེས་༥ ཉིན་ཕྱིར་བསྒྲགས་བྱེད་འཆར་ཡོད་པ་རེད།
ཞིབ་འཇུག་ཚོགས་ཆུང་གི་ཚོགས་གཙོས་བརྒྱུད་ལམ་ཁག་ཏུ་བརྗོད་དོན་ལ། གྲུབ་དོན་སྙན་ཐོར་ཤོག་གྲངས་༢༥༠༠ ལྷག་ཡོད་པ་དང་། དེའི་ནང་དུ་ཕྱི་ལོ་༡༩༥༠ ང་གྲངས་ནས་འགོ་བཙུགས་ཀྱིས་ཧྥ་རན་སིའི་ཡེ་ཤུ་ཁཱེ་ཐོ་ལེག་ལྷ་ཁང་ཁག་གི་ནང་དུ་བྱིས་པར་ཆགས་སྤྱོད་ཀྱི་གནོད་འཚེ་དང་འབྲེལ་བའི་ཁྲིམས་ཁང་དང་ཉེན་རྟོག་པའི་ཡིག་ཆར་ཞིབ་འཇུག་དང་། དཔང་མིར་བཅར་འདྲི་བྱས་ཡོད་འདུག ཞིབ་འཇུག་ཚོགས་ཆུང་གིས་བྱིས་པར་ཆགས་སྤྱོད་ཀྱི་གནོད་འཚེ་བྱེད་མཁན་ཆོས་དཔོན་དང་ལྷ་ཁང་གི་ལས་བྱེད་གཞན་སོགས་མི་གྲངས་༢༩༠༠ ནས་༣༥༠༠ བྱུང་ཡོད་པར་ཚོད་དཔག་བྱས་འདུག་ཀྱང་། ཁོ་ཚོས་བརྗོད་དོན་ལ་ཚོད་དཔག་དེ་ནི་གྲངས་ཀ་ཉུང་མཐར་གྱི་ཚད་གཞི་ཞིག་ཡིན་སྐོར་བརྗོད་འདུག
ཞིབ་འཇུག་གི་ནང་དུ་གནོད་འཚེ་གཏོང་མཁན་དང་གནོད་འཚེ་འཕོག་ཡུལ་གྱི་གྲངས་ཚད་ཚོད་དཔག་བྱས་ཡོད་ཁར། གནོད་འཚེ་གཏོང་མཁན་རྣམས་ལྷ་ཁང་ཁག་ཏུ་མུ་མཐུད་གནས་སྡོད་བྱེད་ཐུབ་པར་མཐུན་སྦྱོར་བྱེད་མཁན་གྱི་སྒྲིག་འཛུགས་དང་སྤྱི་ཚོགས་ཀྱི་ལམ་ལུགས་ལ་ཞིབ་འཇུག་བྱས་ཏེ། ལམ་སྟོན་བསམ་འཆར་༤༥ སྤྲད་ཡོད་འདུག
ཉེ་བའི་ལོ་ཤས་གོང་ནས་ཡེ་ཤུ་ཁཱེ་ཐོ་ལེག་གི་ཆོས་དཔོན་གཙོས་པའི་མི་སྣ་མང་པོས། རྒྱུན་རིང་པོ་ཞིག་ནས་བྱིས་པ་གཙོས་པའི་རྗེས་འབྲངས་པ་སྟོང་ཕྲག་མང་པོར། བཙན་དབང་འཁྲིག་སྤྱོད་ཀྱི་གནོད་འཚེ་བཏང་བའི་བློ་ཡུལ་ལས་འདས་པའི་གནས་ཚུལ་མང་པོ་ཞིག་ཕྱིར་ཐོན་ནས། རྒྱལ་སྤྱིའི་ནང་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་པ་དང་། ཡེ་ཤུ་བླ་དཔོན་ལ་གནོན་ཤུགས་ཆེན་པོ་སླེབས་ཡོད་པ་རེད།
ཕྱི་ལོ་༢༠༡༨ ལོའི་ཟླ་༩ པའི་ནང་འཇར་མན་ཁཱེ་ཐོ་ལེག་གི་མཁན་པོའི་ལྷན་ཚོགས་ཀྱིས་ཕྱི་ལོ་༡༩༤༦ ནས་༢༠༡༤ བར་འཇར་མན་ནང་། ཡེ་ཤུའི་ལྷ་ཁང་ཁག་གི་ཆོས་དཔོན་སོགས་ཆོས་བྱེད་མི་སྣ་ཚོས་ཕྲུ་གུ་ལ་བཙན་དབང་འཁྲིག་སྤྱོད་བྱས་པའི་གནད་དོན་ཁྱབ་ཆེ་ཆུང་གི་ཞིབ་འཇུག་ཅིག་ལ་མཐུན་སྦྱོར་བྱས་ཏེ། རྒྱལ་ཁབ་དེའི་གཙུག་ལག་སློབ་གཉེར་ཁང་གསུམ་གྱིས་ཞིབ་འཇུག་བྱས་ཏེ་གྲུབ་དོན་སྙན་ཐོ་བཏོན་པའི་ནང་། འཇར་མན་གྱི་ཆོས་གཞིས་༢༧ ལས་ཐོབ་པའི་ཡིག་ཆ་༣༨༠༠༠ ལ་ཞིབ་འཇུག་བྱས་པ་བརྒྱུད། ཕྱི་ལོ་༡༩༤༦ ནས་༢༠༡༤ བར་ཆོས་དཔོན་དང་ཆོས་བྱེད་མི་སྣ་༡༦༧༠ ལྷག་གིས་ཕྲུ་གུ་ལོ་ཆུང་༣༦༧༧ ལ་བཙན་དབང་འཁྲིག་སྤྱོད་ཀྱི་གནོད་འཚེ་བྱས་ཡོད་འདུག་པ་དང་། དེ་བཞིན་ཡིག་ཆ་མང་པོ་ཞིག་མེད་པ་བཟོས་ཡོད་ཁར། མང་པོ་ཞིག་བཅོས་བསྒྱུར་བྱས་ཡོད་པས། བཙན་དབང་འཁྲིག་སྤྱོད་ཀྱི་གྲངས་འབོར་ལག་སོན་བྱུང་བ་ལས་མང་བ་ཡིན་སྲིད་པ་དང་། གནོད་འཚེ་གཏོང་མཁན་བརྒྱ་ཆ་༣༨ མ་གཏོགས་ཁྲིམས་ཐོག་ལ་བསྐྱལ་ཐུབ་མེད་ཁར། མང་པོ་ཞིག་ལ་ཉེས་ཆད་ཆུང་ཆུང་ལས་ཕོག་མི་འདུག དེ་བཞིན་ལག་སོན་བྱུང་བའི་གནད་དོན་དེ་དག་ཁྲོད། གནད་དོན་༦ རེ་ལས་༡ རེ་བཙན་གཡེམ་གྱི་གནད་དོན་ཡིན་འདུག་པ་དང་། གནོད་འཚེ་འཕོག་ཡུལ་མང་ཆེ་བ་ཕྲུ་གུ་བུ་ལོ་༡༣ དང་དེ་ལས་ཆུང་བ་ཡིན་འདུག གནོད་འཚེ་གཏོང་མཁན་ཆོས་བྱེད་མི་སྣ་དེ་དག་ཆོས་ཚོགས་ཀྱིས་ས་གནས་གཞན་ལ་གནས་སྤོ་བྱས་མ་ཟད། ས་གནས་དེ་གར་ཆོས་བྱེད་མི་སྣ་དེ་དག་གི་སྤྱོད་པའི་ཐད་ཉེན་བརྡ་ཡང་བཏང་མྱོང་མེད་སྐོར་འཁོད་ཡོད་པ་རེད། དེ་མིན་ཨ་རི་སོགས་ཡེ་ཤུ་ཁཱེ་ཐོ་ལེག་གི་ལྷ་ཁང་ཡོད་མཁན་རྒྱལ་ཁབ་མང་པོ་ཞིག་ནང་གནས་ཚུལ་དེ་རིགས་མང་པོ་ཞིག་ཕྱིར་ཐོན་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།