ཧྥ་རན་སིར་ད་བར་བྱུང་མྱོང་མེད་པའི་ཁྲིམས་ཞིབ་གཞི་རྒྱ་ཆེ་བ་ཞིག་འགོ་བཙུགས་འདུག
ཕྱི་ལོ་༢༠༡༥ ལོར་ཧྤ་རན་སིར་འཇིགས་སྐུལ་རིང་ལུགས་པས་ས་ཚིགས་མང་པོར་དྲག་རྒོལ་བྱས་པའི་གནད་དོན་དང་འབྲེལ་ནས། ལོ་གཅིག་རིང་གནད་དོན་དེའི་ཐོག་ཁྲིམས་ཞིབ་ཀྱི་བརྒྱུད་རིམ་འགོ་བཙུགས་པ་དང་། ལས་དོན་དེའི་ནང་མི་མཉམ་ཞུགས་བྱེད་མཁན་གྱི་ཁ་གྲངས་དང་བདེ་འཇགས་ཀྱི་ཚད་གཞི་སོགས་ལ་བརྟེན་ནས་གཞི་རྒྱ་ཆེ་བའི་ཁྲིམས་ཞིབ་དེ་འདྲ་ཞིག་ནི་ད་བར་བྱུང་མྱོང་མེད་པ་ཡིན་སྐོར་འདུག
ཕྱི་ལོ་༢༠༡༥ ལོར་ཧྤ་རན་སིར་འཇིགས་སྐུལ་རིང་ལུགས་པས་ས་ཚིགས་མང་པོར་དྲག་རྒོལ་བྱས་པའི་གནད་དོན་དང་འབྲེལ་ནས། ལོ་གཅིག་རིང་གནད་དོན་དེའི་ཐོག་ཁྲིམས་ཞིབ་ཀྱི་བརྒྱུད་རིམ་འགོ་བཙུགས་པ་དང་། ལས་དོན་དེའི་ནང་མི་མཉམ་ཞུགས་བྱེད་མཁན་གྱི་ཁ་གྲངས་དང་བདེ་འཇགས་ཀྱི་ཚད་གཞི་སོགས་ལ་བརྟེན་ནས་གཞི་རྒྱ་ཆེ་བའི་ཁྲིམས་ཞིབ་དེ་འདྲ་ཞིག་ནི་ད་བར་བྱུང་མྱོང་མེད་པ་ཡིན་སྐོར་འདུག
ཟླ་༩ པའི་ཚེས་༨ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཧྥ་རན་སིའི་རྒྱལ་ས་པཱེ་རི་སེར་ཡོད་པའི་ཁྲིམས་ཁང་(Palais de Justice courthouse) ཞེས་པ་དེའི་ཉེ་འཁོར་གྱི་རྒྱ་ལམ་རྣམས་སྒོ་བརྒྱབ་པ་དང་། མི་རྣམས་རྐང་ཐང་ཡང་འགྲོ་མི་ཆོག་པ་བཟོས་ནས། ཕྱི་ལོ་༢༠༡༥ ལོར་རྒྱལ་ས་པཱེ་རི་སེར་ཁ་ཆེ་ཨེ་སི་སི་འཇིགས་སྐུལ་རིང་ལུགས་པའི་ཚོགས་མིས་དྲག་རྒོལ་བྱས་པའི་གནད་དོན་ཐོག་ཁྲིམས་ཁང་དུ་ཉན་ཞིབ་ཀྱི་ལས་དོན་འགོ་བཙུགས་འདུག གནད་དོན་དེ་ནི་སེམས་ཚོར་ཤིན་ཏུ་རྣོན་པོ་ཡོད་པ་ཞིག་ཡིན་རྐྱེན། དེའི་ཆེད་དུ་དམིགས་བསལ་བཟོས་པའི་ཁྲིམས་ཁང་དང་ཁྲིམས་ཞིབ་ལྟ་ཉན་བྱེད་ཡུལ་གྱི་ཁང་མིག་སོགས་བཟོས་འདུག
དེ་སྔོན་ཧྥ་རན་སིས་མཐུན་ཕྱོགས་རྒྱལ་ཁབ་གཞན་མཉམ་དུ་སཱི་རི་ཡ་དང་ཨི་རག་ནང་དུ། ཁ་ཆེ་ཨེ་སི་སི་འཇིགས་སྐུལ་རིང་ལུགས་པའི་ཚོགས་པ་དང་འཐབ་རྒོལ་བྱས་ཡོད་པས། ཚོགས་པ་དེས་རྗེས་འཇུག་པ་ཚོས་ཧྥ་རན་སིའི་ས་ཐོག་ཏུ་དྲག་རྒོལ་སྤེལ་དགོས་པའི་སྐུལ་མ་བྱས་ཡོད་པ་དང་། ཕྱི་ལོ་༢༠༡༥ ལོའི་ཟླ་༡༡ ནང་ཧྥ་རན་སིའི་རྒྱལ་ས་པཱེ་རི་སེར་འཇིགས་སྐུལ་རིང་ལུགས་པ་དེའི་ཚོགས་པའི་རུ་ཁག་གཅིག་རང་མེད་གཞན་མེད་ཀྱི་འབར་རྫས་སྟོད་ཐུང་གྱོན་ནས། ཁུལ་དེའི་ཆང་ཁང་དང་ཟ་ཁང་། རྩེད་ཐང་། རོལ་དབྱངས་ཁང་སོགས་ལ་དྲག་རྒོལ་བྱས་ཏེ་མི་གྲངས་༡༣༠ དམར་གསོད་བཏང་ཡོད་པ་རེད།
དངོས་སུ་འཇིགས་སྐུལ་རིང་ལུགས་པའི་བྱ་སྤྱོད་སྤེལ་མཁན་ཁྲོད་ནས་གསོན་པོར་གནས་ཐུབ་མཁན་མི་སྣ་གཅིག་ཡོད་འདུག་པ་དང་། སྐབས་དེར་ཁོས་རང་མེད་གཞན་མེད་ཀྱི་འབར་རྫས་སྟོད་ཐུང་ལ་སྐྱོན་ཆ་ཡོད་རྐྱེན་མི་མང་ཁྲོད་འབར་རྫས་གཏོར་ཐུབ་མེད་རྐྱེན་བྲོས་བྱོལ་དུ་སོང་འདུག རྗེས་སུ་སྦེལ་ཇེམ་ནས་ནས་འཛིན་བཟུང་བྱས་ཏེ། ཕྱི་ལོ་༢༠༡༨ ལོར་ཟུར་དུ་ཁྲིམས་ཞིབ་བྱས་སྐབས་སུ་ཁོས་དཀོན་མཆོག་ཨཱ་ལཱ་ལ་ཡིད་ཆེས་བཅོལ་ཡོད་པ་དང་ཁྲིམས་ཁང་ནི་ཕྱོགས་ལྷུང་ཅན་ཞིག་ཡིན་པ་བརྗོད་པ་ལས། གཞན་ལན་འདེབས་གང་ཡང་མ་བྱས་མེད་པས། ཐེངས་འདིར་ཁྲིམས་ཞིབ་ཀྱི་ལས་དོན་ནང་དུ་ཁོའི་བདེན་དཔང་བསྒྲགས་གཏམ་ཆེད་དུ་དུས་ཚོད་བཟོས་ཡོད་ཀྱང་སྐད་ཆ་བཤད་ཀྱི་ཡོད་མེད་བརྗོད་དཀའ་བ་རེད་འདུག
སྤྱིར་བཏང་ཁྲིམས་ཞིབ་འདི་ཟླ་བ་༩ རིང་འགྲོ་རྒྱུ་ཡིན་པ་དང་། དེར་ཁྲིམས་གཏུག་བྱེད་མཁན་ཞུ་སྦྱོར་བ་༡༨༠༠ དང་ཁྲིམས་རྩོད་པ་༣༠༠ ཡིས་མཉམ་ཞུགས་བྱེད་ཀྱི་ཡོད་འདུག ཁྲིམས་ཞིབ་དང་འབྲེལ་བའི་ཡིག་ཆར་དེབ་ཕྲེང་༥༤༢ དང་ཤོག་ལྷེ་ས་ཡ་གཅིག་ཙམ་ཡོད་པ་རེད།
ཁྲིམས་ཞིབ་བྱེད་ཡུལ་འཇིགས་སྐུལ་རིང་ལུགས་པ་༢༠ ཡོད་འདུག་པ་དང་། དེའི་ནང་ནས་མི་སྣ་༦ བསད་ཟིན་ཡོད་ཁར། དེ་བཞིན་འཇིགས་སྐུལ་དྲག་སྤྱོད་དེར་མཐུན་སྦྱོར་བྱེད་མཁན་མི་སྣ་༡༤ གསོན་པོ་ཡོད་འདུག་པས། ཁྲིམས་ཁང་དུ་ཡོང་གི་ཡོད་འདུག
ཁྲིམས་ཞིབ་ཀྱི་སྐབས་སུ་ཕྱི་ལོ་༢༠༡༥ ལོའི་འཇིགས་སྐུལ་དྲག་རྒོལ་དེའི་གནོད་འཚེ་ཕོག་ཡུལ་མང་པོ་ཞིག་གིས་བདེན་དཔང་བསྒྲགས་གཏམ་སྤེལ་རྒྱུ་ཡིན་འདུག་པ་དང་། མང་པོ་ཞིག་ལ་སེམས་ཀྱི་དཀའ་ངལ་ད་དུང་ཡང་འཕྲད་བཞིན་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།