ཧྥ་རན་སིར་རྒྱ་མིའི་ཟ་ཁང་དུ་ལས་ཀ་བྱེད་མཁན་བོད་མི་ཞིག་བསད་འདུག
ཟླ་༧ པའི་ཚེས་༡༡ ཉིན་ཧྥ་རན་སིའི་ནཱོར་མན་ཌི་མངའ་ཁུལ་གྱི་ས་གནས་(Saint-Leonard)ཞེས་པར། བོད་མི་ཞིག་ལ་གྲི་བརྒྱབ་ནས་བསད་ཡོད་པ་རེད་འདུག
དེ་ཡང་དྲ་ཐོག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན། བོད་མི་དེ་རང་ལོ་༣༠ ཡན་ཡིན་འདུག་པ་དང་རྒྱ་མིའི་ཟ་ཁང་ཞིག་ཏུ་ཞབས་ཞུ་བའི་ལས་ཀ་བྱེད་ཀྱི་ཡོད་འདུག ཁོང་དང་ཟ་ཁང་གི་འགན་འཛིན། དེ་བཞིན་ལས་རོགས་ཚོའི་བར་རྩོད་པ་བྱུང་ནས། མི་དེ་ཚོས་བོད་མི་དེར་གྲི་བརྒྱབ་འདུག ཁོང་ཕྱི་ལ་བྲོས་ཐུབ་ཀྱང་། མྱུར་སྐྱོབ་མི་སྣ་ཚོས་སྐྱོབ་མ་ཐུབ་པར་དེ་གར་རང་སྲོག་ཤོར་ཡོད་པ་རེད་འདུག
སྤྱི་ཚོགས་དྲ་ལམ་ཁག་ཏུ་ཧྥ་རན་སིར་གནས་སྡོད་བོད་མི་ཁག་ཅིག་གིས། བོད་ནང་དུ་བོད་མི་རྣམས་རྒྱ་མིའི་འོག་ཏུ་མནར་གཅོད་མྱོང་བཞིན་ཡོད་པ་དང་། ཧྥ་རན་སིར་ཡོད་པའི་བོད་མི་མང་པོ་ཞིག་རྒྱ་མིའི་ཟ་ཁང་དུ་ལས་ཀ་མི་བྱེད་དཀའ་མེད་ཆགས་ཀྱི་ཡོད་ཀྱང་། ཐེངས་འདིར་བོད་རིགས་ཤ་ཁྲག་གཅིག་པ་ཞིག་རྒྱ་མིའི་ཟ་ཁང་གི་སྦྱིན་བདག་སོགས་ཀྱིས་གྲི་བརྒྱབ་ནས་བསད་ཡོད་པས། བོད་མི་ཚོས་ཁུ་སིམ་བསྡད་ཚེ་ཡོང་ཐབས་མེད་པས། བོད་མི་ཚོས་ཟ་ཁང་དེའི་འགྲམ་དུ་ཡོང་ནས་ལས་འགུལ་སྤེལ་དགོས་པ་དང་། དེ་བཞིན་ཟ་ཁང་དེའི་སྦྱིན་བདག་གིས་གཉེར་བཞིན་པའི་ཟ་ཁང་གཞན་ལ་ཡང་ངོ་རྒོལ་ལས་འགུལ་སྤེལ་དགོས་པའི་སྐུལ་མ་བྱས་འདུག དེ་དང་བསྟུན་ནས་སྤྱི་ཚོགས་དྲ་ལམ་ཁག་ཏུ་ཟ་ཁང་དེའི་མདུན་དུ་བོད་མི་ཚོས་ས་ལ་བསྡད་ནས་ཁ་འདོན་བྱས་ཏེ་ལས་འགུལ་སྤེལ་གྱི་ཡོད་པའི་བརྙན་མཐོང་རྒྱུ་འདུག
ད་ལྟའི་ཆར་གནས་ཚུལ་དེ་དང་འབྲེལ་ནས་མི་གསུམ་བཀག་ཉར་འོག་ཡོད་འདུག་པ་དང་། དོགས་ཡོད་མི་སྣ་གཙོ་བོ་དེ་འཛིན་བཟུང་ཐུབ་མེད་སྐོར་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།