ཧྥ་རན་སིར་སྐྱབས་བཅོལ་བོད་མི་གསར་པའི་གནས་སྟངས་དང་དཀའ་ངལ།

ལོ་མང་པོའི་སྔོན་ནས་བཙན་བྱོལ་བོད་མི་མང་པོ་ཞིག་ཡུ་རོབ་དང་ཨ་རི་སོགས་ལ་རང་མོས་ནས་འགྲོ་དགོས་བཙུགས་ཡོད་པ་དང་། དེ་ཡང་དཔལ་འབྱོར་དང་འཚོ་བའི་རྟེན་གཞི་སོགས་རྒྱུ་མཚན་འདྲ་མིན་ཐོག་ནས་འགྲོ་བཞིན་ཡོད་པ་རེད།

ལོ་མང་པོའི་སྔོན་ནས་བཙན་བྱོལ་བོད་མི་མང་པོ་ཞིག་ཡུ་རོབ་དང་ཨ་རི་སོགས་ལ་རང་མོས་ནས་འགྲོ་དགོས་བཙུགས་ཡོད་པ་དང་། དེ་ཡང་དཔལ་འབྱོར་དང་འཚོ་བའི་རྟེན་གཞི་སོགས་རྒྱུ་མཚན་འདྲ་མིན་ཐོག་ནས་འགྲོ་བཞིན་ཡོད་པ་རེད།
ད་ལྟའི་བཙན་བྱོལ་བོད་མིའི་ལྟེ་གནས་རྒྱ་གར་དུ་བོད་ནས་ཡོང་མཁན་ཉུང་དུ་འགྲོ་བཞིན་ཁར། ཕྲུ་གུ་སྐྱེས་མཁན་གྱི་གྲངས་འབོར་ཇེ་ཉུང་ཡིན་པས། སློབ་གྲྭ་དང་དགོན་སྡེ་སོགས་ལ་བོད་པ་ཉུང་དུ་འགྲོ་བཞིན་ཡོད་པ་མ་ཟད། གཞིས་ཆགས་ཁག་ཅིག་ལ་ཡང་རྒན་རྒོན་ལས་གཞོན་པ་མང་པོ་མེད་པའི་གནས་ཚུལ་འབྱུང་གི་ཡོད་པ་རེད།

ནུབ་ཕྱོགས་ཡུལ་གྲུ་ཁག་ཏུ་རང་མོས་ཀྱི་འགྲོ་མཁན་མང་པོ་ཞིག་གིས་ཧིན་སྒོར་འབུམ་མང་པོ་བཏང་ནས་འགྲོ་ཡི་ཡོད་པ་དང་། ཡང་ཁག་ཅིག་ཆང་སའི་མིང་ཐོག་དང་ནང་མི་ཟླ་སྒྲིལ་གྱི་མིང་ཐོག་ནས་འགྲོ་ཡི་ཡོད་པ་རེད། ཐོག་མར་སྐྱབས་བཅོལ་ཡུལ་གྱི་རྒྱལ་ཁབ་ལ་འབྱོར་དུས་ངོ་ཤེས་སྤུན་མཆེད་ཡོད་ཚེ་སྡོད་ས་སོགས་ཀྱི་དཀའ་ངལ་ངལ་དེ་ཙམ་མེད་ནའང་། ངོ་ཤེས་སྤུན་མཆེད་མེད་མཁན་ཚོ་ཡུ་རོབ་ཏུ་རྒྱལ་ཁབ་དེའི་སྐྱབས་བཅོལ་སྣེ་ལེན་ཁང་ལ་སྡོད་དགོས་ཀྱི་ཡོད་པ་རེད།

14409191_1262495673774299_421239697_nརང་མོས་ཀྱིས་ཕྱི་རྒྱལ་དུ་འགྲོ་བར་ཡུ་རོབ་ཁུལ་དུ་གོང་ཁེ་བ་ཡོད་པ་དང་སྐྱབས་བཅོལ་གྱི་ཡིག་ཆ་མགྱོགས་པོ་རག་གི་ཡོད་པས། འགྲོ་མཁན་མང་དུ་ཕྱིན་ཡོད་པ་རེད། སུད་སི་དང་བྷེལ་རྗམ་སོགས་ལ་དེ་སྔོན་ཡིག་ཆ་དང་སྐྱབས་བཅོལ་གྱི་ཆ་རྐྱེན་ཡག་པོ་ཡོད་པས། བོད་མི་མང་པོ་ཞིག་ཡུལ་ལུང་དེ་གཉིས་ལ་ཕྱིན་ཡོད་པ་རེད། རྗེས་སུ་ལུང་པ་དེ་གཉིས་ཀྱི་སྐྱབས་བཅོལ་གནས་སྟངས་ལ་འགྱུར་བ་ཕྱིན་ནས། ཧྥ་རན་སིར་སྐྱབས་བཅོལ་གྱི་གནས་སྟངས་ཡག་པོ་དང་ཡིག་ཆ་མགྱོགས་པོ་རག་གི་ཡོད་སྐོར་གྱི་གནས་ཚུལ་བོད་མི་ནང་ཁུལ་སྤེལ་རེས་བྱས་ནས། ལོ་ཤས་སྔོན་ནས་ཧྥ་རན་སིར་བོད་མི་སྐྱབས་བཅོལ་དུ་འགྲོ་མཁན་གྱི་གྲངས་འབོར་ཤིན་ཏུ་མང་པོ་ཆགས་བཞིན་ཡོད་པ་རེད། འོན་ཀྱང་དེ་དང་མཉམ་དུ་དཀྱིལ་ཤར་ཡུལ་གྲུ་སི་རི་ཡ་དང་ཨ་ཧྥི་རི་ཀའི་ལུང་པ་མང་པོ་ཞིག་ནས། ཡུ་རོབ་ཏུ་སྐྱབས་བཅོལ་དུ་སླེབས་མཁན་གྱི་གྲངས་འབོར་ས་ཡ་མང་པོ་ཆགས་ཡོད་འདུག ལྷག་པར་དུ་ཧྥ་རན་སིའི་རྒྱལ་ས་པེ་རི་སི་ནས་རྒྱང་ཐག་ཀི་ལོ་མི་ཊར་༣༠ ཙམ་གྱི་སར་ཡོད་པའི་ཀོན་ཧྥེ་ལེན་(Conflan) ཞེས་པ་དེར་སྔོན་ནས་མི་རིགས་གཞན་པ་མང་པོ་ཡོད་པའི་སྒང་དུ་བོད་མི་མང་པོ་སླེབས་ནས། ཉེ་བའི་ཆར་བོད་མི་༧༠ ནས་༨༠ ཙམ་ཞིག་ཕྱི་ལ་ཉལ་གདན་དང་ཉལ་ཆས་དྲོ་པོ་མེད་པར་ཉལ་དགོས་པའི་དཀའ་ངལ་འཕྲད་བཞིན་ཡོད་འདུག ཕྱི་ཟླ་༩ ཚེས་༢༡ ཉིན་འབྲེལ་ཡོད་ཅིག་གིས་འགྲེལ་བརྗོད་བྱས་པ་ལྟར་ན། ས་གནས་དེར་ཕྱི་ལོ་༢༠༡༦ ལོར་བོད་མི་༨༠༠ ཙམ་འབྱོར་ཟིན་ཡོད་པ་དང་ཉིན་རེ་བཞིན་བོད་མི་༣ ནས་༥ དང་། སྐབས་རེ་༨ སླེབས་བཞིན་ཡོད་འདུག བོད་མི་སྐྱབས་བཅོལ་བ་རྒྱ་གར་དང་བོད་ནས་ཡོང་མཁན་དང་། དེ་བཞིན་རྒྱལ་ཁབ་གཞན་ནས་ཀྱང་དེར་ཡོང་མཁན་ཡོད་འདུག  ས་གནས་དེ་ནི་ཡེ་ཤུ་ཆོས་པའི་ཚོགས་པ་རྡོ་དཀར་པོ་(white Stone) ཞེས་པ་ཞིག་གིས་འཛིན་སྐྱོང་བྱེད་ཀྱི་ཡོད་པ་དང་། དེ་ལ་གྲུ་གཟིངས་༤ ཡོད་ཁར། སྐྱབས་བཅོལ་བ་དང་དབུལ་ཕོངས་བ་༢༢༠ ཙམ་ལ་ཉལ་སའི་ཆ་རྐྱེན་སྤྲོད་ཀྱི་ཡོད་ཁར། དུས་གསུམ་གྱི་ཁ་ལག་སྤྲོད་ཀྱི་ཡོད་འདུག དེ་བཞིན་ཉེ་འཁོར་ས་གནས་ཀྱི་ཁྱིམ་ཚང་༣༥ ཡིས་བོད་མི་༥༠ ཙམ་ལ་གནས་ཚང་གཡོར་གྱི་ཡོད་པ་རེད་འདུག ད་ལྟའི་ཆར་རོགས་ཚོགས་དེས་བོད་མི་༣༠༠ ལྷག་ལ་སྡོད་གནས་དང་ཁ་ལག ཡིག་ཆ་སོགས་ཀྱི་ཐོག་ལ་རོགས་པ་བྱེད་བཞིན་ཡོད་འདུག

དེ་སྔོན་ཟླ་ཤས་རིང་ས་གནས་དེར་སྡོད་མྱོང་བའི་བོད་མི་ཞིག་ལ་གནས་འདྲི་བྱས་པས། ཁོང་གིས་བརྗོད་དོན་ལྟར་ན། ཁོང་དེ་གར་སྡོད་སྐབས་བོད་མི་མང་པོ་ཡོད་པ་དང། ཚང་མའི་གནས་སྟངས་སྐྱོ་པོ་ཡིན་པས་ཕན་ཚུན་རོགས་པ་བྱེད་ཀྱི་ཡོད་པས་སྐྱིད་པོ་ཚོར་ཡོད་འདུག འོན་ཀྱང་ཉེ་བའི་ཆར་ས་གནས་དེ་ག་ནས་ཡིག་ཆ་སོགས་རག་རྒྱུ་དང་ཆ་རྐྱེན་ཡག་པོ་ཡོད་པས། གཅིག་ནས་བོད་མི་ཤིན་ཏུ་མང་པོ་སླེབས་པ་མ་ཟད། བལ་པོའི་མི་རིགས་མང་པོ་ཞིག་གིས་བོད་པ་ཡིན་ཁུལ་བྱས་ནས་སླེབས་མཁན་མང་བ་དང་། གཉིས་ནས་ཁག་ཅིག་ལ་ཡིག་ཆ་དང་ལས་ཀ་ཐོབ་ཡོད་ཀྱང་། གྲུ་གཟིངས་ནང་དུ་བསྡད་ནས་གསར་དུ་འབྱོར་མཁན་མང་པོ་ཞིག་ལ་སྡོད་གནས་མི་རག་པར། ཕྱི་ལ་ཉལ་དགོས་པའི་དཀའ་ངལ་འཕྲད་ཀྱི་ཡོད་འདུག ཚོགས་པ་དེས་སྐྱབས་བཅོལ་བ་མང་དྲག་སྐབས་ས་གནས་གཞན་ལ་གཏོང་ཐབས་བྱེད་ཀྱི་ཡོད་ཀྱང་། བོད་མི་ཚོ་དེ་གར་ཨུ་ཚུགས་བརྒྱབ་ནས་སྡོད་ཀྱི་ཡོད་པ་དང་། དེ་ཡང་ཡིག་ཆ་སོགས་ཀྱི་ཆེད་དུ་ཡིན་འདུག

དེ་བཞིན་མིང་བརྗོད་འདོད་མེད་པའི་གནས་ཚུལ་མཁོ་སྤྲོད་པ་ཞིག་གིས་བརྗོད་པ་ལྟར་ན། ས་གནས་དེར་བོད་མི་ཤིན་ཏུ་མང་པོ་འབྱོར་ནས་ཉལ་སྡོད་ཀྱི་ཆ་རྐྱེན་མི་འདང་བ་ཆགས་ནས།  བོད་མི་མང་པོ་ཞིག་གནས་སྟངས་སྐྱོ་པོའི་ཐོག་ཕྱི་ལ་ཉལ་དགོས་པའི་དཀའ་ངལ་འཕྲད་ཀྱི་ཡོད་ཀྱང་། ཧྥ་རན་སིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ཅིག་གིས་རོགས་སྐྱོར་བྱེད་པ་ལས། བོད་རིགས་ཚོགས་པ་དང་ནང་པའི་ཆོས་ཚོགས་ཁག་གིས་རོགས་པ་བྱེད་ཀྱི་མེད་པས། ཚོགས་པ་དེའི་ལས་བྱེད་པ་རྣམས་སེམས་ཕམ་བྱུང་ཡོད་འདུག དེ་བཞིན་བོད་མི་མང་པོ་ཞིག་གིས་སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱར་ཧྥ་རན་སི་ལྷ་ཡུལ་ལྟ་བུའི་རྣམ་པ་རྫུན་མ་སྟོན་གྱི་ཡོད་ཀྱང་། དེ་གར་བོད་མི་མང་པོ་ཞིག་ལ་ཐོག་མར་སྡོད་གནས་དཀའ་ངལ་འཕྲད་ཀྱི་ཡོད་པ་དང་། རྗེས་སུ་སྐྱབས་བཅོལ་བའི་ཡིག་ཆ་རག་ཀྱང་། ཧྥ་རན་སིའི་སྐད་ཤེས་ཀྱི་མེད་པས་ལས་ཀ་མི་རག་པའི་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་འདུག རྒྱ་སྐད་ཤེས་མཁན་ཚོས་རྒྱ་མིའི་ཟ་ཁང་ནང་ལས་ཀ་བྱེད་པར་འགྲོ་བ་དང་། དེ་མིན་གཞན་ལ་ལས་ཀ་མི་རག་པ་དང་རག་ཀྱང་རྗེས་སུ་ལས་ཀ་ཤོར་ནས། སླར་ཡང་ས་གནས་དེར་སྐྱབས་བཅོལ་བར་ཡོང་མཁན་མང་པོ་ཡོད་འདུག་པས། གལ་ཏེ་ཧྥ་རན་སིར་ནང་མི་སྤུན་མཆེད་མེད་ན་དཀའ་ངལ་ཆེན་པོ་ཡོད་སྐོར་བརྗོད་ཀྱི་འདུག་པ་དང་། བོད་མི་ཁག་ཅིག་ལ་གློ་ནད་སོགས་འཕྲོད་བསྟེན་གྱི་དཀའ་ངལ་འཕྲད་མཁན་ཡང་བྱུང་འདུག བོད་མི་ཁག་ཅིག་ཚོགས་པ་དེའི་ལྟ་སྐྱོང་འོག་ལོ་གཅིག་ལྷག་ཧྥ་རན་སིའི་སྐད་སྦྱོང་བ་དང་ལས་ཀ་བཙལ་ཐབས་མི་བྱེད་པར་བསྡད་འདུག་པས། ཁོ་ཚོར་སྡོད་གནས་དེ་གར་དེ་འདྲ་སྡོད་མི་ཆོག་པ་བརྗོད་ནས། ཕྱི་ལ་ལས་ཀ་བཙལ་བར་གཏོང་དགོས་པའི་གནས་ཚུལ་ཡང་བྱུང་འདུག དེ་བཞིན་ཁོང་གིས་བོད་མི་མང་པོ་ཞིག་གིས་ཧྥ་རན་སིའི་གཞུང་གིས་སྐྱབས་བཅོལ་བ་ཚོར་ཁང་པ་སྤྲོད་ཀྱི་ཡོད་རེད་བསམ་གྱི་འདུག་པས། ད་ལྟའི་ཆར་སྐྱབས་བཅོལ་བ་མང་དྲག་རྐྱེན་དེ་འདྲ་ཡོང་ཐབས་མེད་པ་ཆགས་ཡོད་སྐོར་བརྗོད་བྱུང་།

14454682_1262495827107617_304462969_n
བོད་དོན་རྒྱབ་སྐྱོར་ཚོགས་པ།

དེ་བཞིན་ཧྥ་རན་སིའི་ནོར་མན་ཌི་(Normandy) ཁུལ་གྱི་ས་གནས་ལི་ཧ་ཝེ་རི་(Le Havre) ལ་རྟེན་གཞི་བྱས་པའི་བོད་བཅིངས་གྲོལ་གཏོང་(Liberate Tibet) ཞེས་པའི་བོད་དོན་རྒྱབ་སྐྱོར་བའི་ཚོགས་པ་ཚོགས་མི་ཧྥ་རན་སིའི་མི་སེར་༦༨ ཡོད་པ་ཞིག་གིས། ཕྱི་ལོ་༢༠༡༥ ལོའི་ཟླ་༡༡ ནང་རོགས་དངུལ་བསྡུ་རུབ་བྱེད་འགོ་བཙུགས་ནས། ད་ལྟའི་ཆར་ས་གནས་ཀོན་ཧྥེ་ལེན་(Conflan) དུ་བོད་མི་༥༠ ཙམ་ལ་སྡོད་གནས་དང་། འཕྲོད་བསྟེན་གྱི་དགོས་མཁོའི་ཅ་དངོས། དུག་ལོག ཡིག་ཆ་སོགས་ཀྱི་ཐོག་ལ་རོགས་པ་བྱེད་བཞིན་ཡོད་འདུག ཚོགས་པ་དེའི་ཚོགས་མི་རྗོར་ཌེན་ཧྥུ་ཀྲེལ་(Jordan Foutel) གྱིས་ཁོ་ཚོས་ལུས་སྦྱོང་དང་སྒོམ་སོགས་ཀྱི་འཛིན་གྲྭ་ཁྲིད་ནས་དེ་ལས་བྱུང་བའི་དངུལ་གྱི་བརྒྱ་ཆ་༥༠ ཡིས་བོད་མི་སྐྱབས་བཅོལ་བར་རོགས་པ་བྱེད་ཀྱི་ཡོད་འདུག ཁོང་གིས་ཀྱང་བོད་མི་སྐྱབས་བཅོལ་བར་དཀའ་ངལ་འཕྲད་ཀྱི་ཡོད་སྐོར་གོང་མཚུངས་བཞིན་བརྗོད་བྱུང་།།
གསར་འགོད་པ་སྐལ་བཟང་དོན་གྲུབ།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།