ཧྥ་རན་སིས་དབྱིན་ཇི་དང་ལྷན་དུ་འཚོགས་གཏན་འཁེལ་བའི་རྒྱལ་སྲུང་གྲོས་མོལ་ཕར་འགྱངས་བྱས་འདུག
ཨ་རི་དང་། དབྱིན་ཇི། ཨོ་སི་ཁྲུ་ལི་ཡ་གསུམ་གྱི་ཞི་བདེ་རྒྱ་མཚོའི་བདེ་འཇགས་སྲུང་སྐྱོབ་ཀྱི་གྲོས་མཐུན་གསར་ཤོས་ཏེ། ཨ་ཁུའུ་སཱ་(Aukus) ཡིས་བསླངས་པའི་རྩོད་རྙོག་ཁྲོད། ཧྥ་རན་སིའི་རྒྱལ་སྲུང་ལས་ཁུངས་ནས་དབྱིན་ཇི་དང་ལྷན་དུ་འཚོགས་གཏན་འཁེལ་བའི་རྒྱལ་སྲུང་གྲོས་མོལ་ཚོགས་འདུ་ཞིག་ཕར་འགྱངས་བྱས་ཡོད་འདུག
ཨ་རི་དང་། དབྱིན་ཇི། ཨོ་སི་ཁྲུ་ལི་ཡ་གསུམ་གྱི་ཞི་བདེ་རྒྱ་མཚོའི་བདེ་འཇགས་སྲུང་སྐྱོབ་ཀྱི་གྲོས་མཐུན་གསར་ཤོས་ཏེ། ཨ་ཁུའུ་སཱ་(Aukus) ཡིས་བསླངས་པའི་རྩོད་རྙོག་ཁྲོད། ཧྥ་རན་སིའི་རྒྱལ་སྲུང་ལས་ཁུངས་ནས་དབྱིན་ཇི་དང་ལྷན་དུ་འཚོགས་གཏན་འཁེལ་བའི་རྒྱལ་སྲུང་གྲོས་མོལ་ཚོགས་འདུ་ཞིག་ཕར་འགྱངས་བྱས་ཡོད་འདུག
བདུན་ཕྲག་གོང་མར་ཨོ་སི་ཁྲུ་ལི་ཡས་དེ་སྔོན་ཧྥ་རན་སི་དང་ལྷན་དུ་བཞག་པའི་ཆུ་འོག་གྲུ་གཟིངས་(Submarines) ཉོ་བའི་གན་རྒྱ་རྩིས་མེད་བཏང་ནས། ཨ་རི་དང་དབྱིན་ཇི་གཉིས་དང་ལྷན་དུ་རྡུལ་ཕྲན་གྱི་ནུས་ཤུགས་ལ་རྟེན་པའི་ཆུ་འོག་གྲུ་གཟིངས་(nuclear-powered submarines) ཉོ་སྒྲུབ་བྱེད་རྒྱུའི་གྲོས་མཐུན་ཞིག་བཞག་རྗེས། ཧྥ་རན་སིས་དེར་ཁོང་ཁྲོའི་རྣམ་འགྱུར་དྲག་པོ་བསྟན་ནས་ཨ་རི་དང་ཨོ་སི་ཁྲུ་ལི་ཡ་ནས་གཞུང་ཚབ་པ་ཕྱིར་འཐེན་བྱས་པ་མ་ཟད། བདུན་ཕྲག་འདིར་དབྱིན་ཇི་དང་ལྷན་དུ་འཚོགས་གཏན་འཁེལ་བའི་རྒྱལ་སྲུང་གྲོས་མོལ་ཚོགས་འདུ་ཡང་ཕར་འགྱངས་བྱས་ཡོད་འདུག
བདུན་ཕྲག་གོང་མར་ཨ་རི་དང་། དབྱིན་ཇི། ཨོ་སི་ཁྲུ་ལི་ཡ་གསུམ་གྱི་བར་དུ་བཞག་པའི་ཨ་ཁུའུ་སཱ་(Aukus) ཞེས་པའི་“ལོ་རྒྱུས་རང་བཞིན་ཅན་”གྱི་གྲོས་མཐུན་དེ་ནི། ཞི་བདེ་རྒྱ་མཚོའི་ཁུལ་དུ་དམག་ཤུགས་ཆིག་སྒྲིལ་བྱས་ཏེ་དངོས་སུ་རྒྱ་ནག་གི་དབང་ཤུགས་འགོག་སྲུང་ཆེད་དུ་བཞག་པ་ཞིག་ཡིན་འདུག་ཅིང་། གྲོས་མཐུན་དེའི་འོག་ཏུ་ཨོ་སི་ཁྲུ་ལི་ཡས་དེ་སྔོན་༢༠༡༦ ལོར་ཧྥ་རན་སི་དང་ལྷན་དུ་བཞག་པའི་ཆུ་འོག་གྲུ་གཟིངས་ཉོ་རྒྱུའི་གན་རྒྱ་ཕྱིར་འཐེན་བྱས་ནས། ཨ་དབྱིན་གྱི་རོགས་རམ་འོག་ནས་རྡུལ་ཕྲན་ཆུ་འོག་གྲུ་གཟིངས་ཉོ་སྒྲུབ་བྱེད་རྒྱུའི་མོས་མཐུན་བྱས་ཡོད་འདུག
ཧྥ་རན་སིའི་ཕྱི་སྲིད་ལས་ཁུངས་ནས་སྟོབས་ཆེན་རྒྱལ་ཁབ་གསུམ་གྱི་གྲོས་མཐུན་དེ་ནི་ཧྥ་རན་སི་ལ་“རྒྱབ་གྲི་”བསྣུན་པ་ཞིག་ཡིན་པའི་འགྲེལ་བརྗོད་བྱས་ཤིང་། དེ་ནི་“མཐུན་གྲོགས་རྒྱལ་ཁབ་ཚོའི་བར་དུ་ཁས་ལེན་བྱེད་ཐབས་བྲལ་བའི་བྱ་སྤྱོད་ཅིག་རེེད་”ཅེས་བརྗོད་ཡོད་འདུག
གནད་དོན་དེའི་ཐད་ལ། ཨོ་སི་ཁྲུ་ལི་ཡའི་སྲིད་བློན་སི་ཁོ་ཊི-མོ་རེ་སོན་(Scot Morrison) གྱིས་ཨོ་སི་ཁྲུ་ལི་ཡའི་ངོས་ནས་ཧྥ་རན་སིའི་བློ་ཕམ་དེར་བསམ་ཤེས་ཐུབ་ན་ཡང་། གྲོས་མཐུན་དེ་ནི་ཨོ་སི་ཁྲུ་ལི་ཡའི་ད་ལྟའི་རྒྱལ་སྲུང་གི་ཐབས་བྱུས་དང་ཁེ་ཕན་ལ་དམིགས་ནས་བཞག་པ་ཡིན་སྟབས། ཐག་གཅོད་དེར་“འགྱོད་པ་”མེད་སྐོར་བཤད་ཡོད་འདུག
ཨ་ཁུའུ་སཱའི་གྲོས་མཐུན་གྱིས་ནུབ་ཕྱོགས་ཀྱི་མཐུན་གྲོགས་རྒྱལ་ཁབ་ཚོའི་བར་དུ་སྔར་མེད་པའི་འགལ་བ་དང་རྩོད་རྙོག་ཤུགས་ཆེན་པོ་ཞིག་བསླངས་པར་བརྟེན། ཨ་རིའི་སྲིད་འཛིན་བྷ་ཌན་གྱིས་ཧྥ་རན་སིའི་སྲིད་འཛིན་མེག་རོན་(Macron) ལ་མགྱོགས་མྱུར་གྲོས་མོལ་བྱེད་རྒྱུའི་རེ་བ་བཏོན་ནས་རྩོད་རྙོག་དང་འགལ་བ་སེལ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།