ཨ་བྷེ་གྲོངས་རྗེས་ཉི་ཧོང་གི་མཉམ་འབྲེལ་ཚོགས་པར་རྒྱལ་ཁ་ཆེན་པོ་ཐོབ་འདུག

 ཟླ་འདིའི་ཚེས་ ༨ ཉིན་ཉི་ཧོང་གི་སྲིད་བློན་ཟུར་པ་ཤིན་ཛོ་ཨ་བྷེ་གྱིས་ཉི་ཧོང་ནུབ་རྒྱུད་ཀྱི་ན་ར་(Nara) གྲོང་ཁྱེར་དུ་མང་གཙོ་ཚོགས་པའི་འོས་བསྡུ་དྲིལ་་བསྒྲགས་ཀྱི་གཏམ་བཤད་སྐབས། སྐྱེས་པ་ཞིག་གིས་ཁོང་ལ་མེ་མདའ་བརྒྱབ་ནས་འདས་གྲོངས་ཕྱིན་པའི་རྗེས་ཉི་ཧོང་གི་མང་གཙོ་ཚོགས་པ་དང་མཉམ་འབྲེལ་ཚོགས་པར་འོས་བསྡུའི་རྒྱལ་ཁ་ཆེན་པོ་ཐོབ་ཡོད་འདུག
དེ་སྔའི་སྲིན་བློན་ཟུར་པ་སྐུ་ཞབས་ཤིན་ཛོ་ཨ་བྷེ་དམར་གསོད་བྱས་རྗེས། ཉི་ཧོང་གི་གཞུང་འཛིན་པ་མང་གཙོ་ཚོགས་པ་དང་། མཉམ་འབྲེལ་ཚོགས་པ། ཀུ་མི་ཌོ་ཚོགས་པ་བཅས་ལ་རེས་གཟའ་ཉི་མར་གྲོས་ཚོགས་ཀྱི་འོས་བསྡུ་ནང་རྒྱལ་ཁ་ཆེན་པོ་ཐོབ་ཡོད་པ་དང་། ཐེངས་འདིའི་འོས་བསྡུ་འགྲན་རྩོད་ཁྲོད། ཉི་ཧོང་གི་མཉམ་འབྲེལ་ཆབ་སྲིད་ཚོགས་པ་ཁག་ལ་འོས་གྲངས་བརྒྱ་ཆ་ ༥༥% ཐོབ་ཡོད་པ་དང་། དེ་སྔོན་འོས་བསྡུའི་གྲུབ་འབྲས་དང་བསྡུར་ན་བརྒྱ་ཆ་ ༣ % གི་མང་བ་འཕར་ཡོད་འདུག མང་གཙོ་ཚོགས་པའི་མཉམ་འབྲེལ་ཆབ་སྲིད་ཚོགས་པར་ཉི་ཧོང་གི་གྲོས་ཚོགས་གོང་མའི་རྐུབ་སྟེགས་ཕྱེད་ཀ་ལྷག་གིས་མང་མོས་འོས་རྒྱལ་ཁ་ཐོབ་ཡོད་པར་བརྟེན། ད་ལྟའི་སྲིད་འཛིན་ལས་ཐོག་ཧྥོ་མུ་(Fumio Kishida)ཡི་གཞུང་འཛིན་ཚོགས་པས་ཕྱི་ལོ་ ༢༠༢༥ བར་མུ་མཐུད་ནས་ཉི་ཧོང་གི་སྲིད་དབང་འཛིན་སྐྱོང་གནང་རྒྱུ་ཡིན་པ་དང་། སྐུ་ཞབས་ཧྥོ་མུ་ཡིས་ད་རེས་རྒྱལ་ཁ་ཆེན་པོ་ཐོབ་དེར་ཡི་རངས་ཞུས་ཡོད་རུང་དགའ་སྣང་གི་རྣམ་འགྱུར་གང་ཡང་བསྟན་མེད་པ་དང་། ཨ་བྷེ་རྐྱེན་འདས་སོང་བའི་རྐྱེན་གྱིས་ཁོང་གི་མཉམ་འབྲེལ་ཆབ་སྲིད་ཚོགས་པ་ཁག་ཆིག་སྒྲིལ་བྱེད་རྒྱུར་གདོང་ལེན་བྱེད་བཞིན་ཡོད་པ་མ་ཟད། ཁོང་གིས་མཉམ་འབྲེལ་ཆབ་སྲིད་ཚོགས་པ་ཁག་ཆིག་སྒྲིལ་བྱེད་རྒྱུ་དེ་ནི་གནས་དོན་གཞན་ལས་གལ་གནད་ཆེ་བ་ཞིག་ཡིན་སྐོར་བརྗོད་ཡོད་འདུག
དེ་བཞིན་ལོ་ ༦༧ ཡིན་པའི་ཉི་ཧོང་སྲིད་བློན་ཟུར་པ་ཨ་བྷེ་འདས་གྲོངས་འགྱུར་བའི་ཡིད་སྐྱོའི་གནས་ཚུལ་ཐོན་པ་དེར་མང་གཙོ་ཚོགས་པས་དབུས་འོས་བསྡུ་ལྷན་ཁང་དུ་སྲིན་བློན་ཧྥོ་མུ་གཙོས་པའི་ཆབ་སྲིད་ཚོགས་པའི་གྲོས་ཚོགས་མཐུན་མི་ཁག་གིས་གདུང་སེམས་མཉམ་སྐྱེ་དང་སྦྲགས་མྱ་ངན་གུད་འདུད་ཞུས་ཡོད་པ་མ་ཟད། སྲིད་བློན་ཧྥོ་མུ་ཡིས་རྒྱལ་ཁབ་ཀྱི་བདེ་འཇགས་དང་། མ་རྩ་རིང་ལུགས་གསར་པའི་དཔལ་འབྱོར་གྱི་འཆར་གཞི། དེ་བཞིན་ཁོང་གི་སྲིད་དོན་ཚོགས་པས་དམག་འཁྲུག་རྗེས་ཀྱི་ཞི་བདེའི་རྩ་ཁྲིམས་ལ་འགྱུར་ལྡོག་གཏོང་རྒྱུ་བཅས་ནི་ཁོང་གི་དགོས་གལ་དང་པོ་དེ་ཡིན་ལུགས་བརྗོད་ཡོད་འདུག སྲིད་བློན་ཟུར་པ་སྐུ་ཞབས་ཨ་བྷེ་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་ཕྱིར་བསྒྲགས་བྱས་རྗེས། ཨ་རི་གཙོས་པའི་རྒྱལ་ཁབ་མང་པོའི་དབུ་ཁྲིད་ཁག་གིས་དམ་པ་ཁོང་ཉིད་ལ་མྱ་ངན་གུས་འདུས་ཞུས་ཡོད་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་སྤྱི་གཉིས་ནས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་དམ་པ་ཁོང་གཙོས་པའི་ཤུལ་ལུས་ནང་མི་ཚོར་གདུང་སེམས་མཉམ་སྐྱེ་དང་སྦྲགས་མྱ་ངན་གུད་འདུད་ཞུས་ཡོད་འདུག །
གསར་འགོད་པ། ཆོས་གྲགས།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།