ཨ་མ་གློད་གྲོལ་བཏང་ཡང་བུ་མོ་གར་སོང་ཆ་མེད་གྱུར་ཡོད་འདུག 

རྒྱ་ནག་གཞུང་གི་ཉེན་རྟོག་པས་བོད་ནང་དུ་མ་སྨད་གཉིས་འཛིན་བཟུང་བྱས་རྗེས། ཨ་མ་གློད་གྲོལ་བཏང་ཡོད་ཀྱང་ད་ལྟའི་ཆར་བུ་མོ་བཀྲ་ཤིས་དབྱངས་སྐྱིད་གར་སོང་ཆ་མེད་གྱུར་ཡོད་པ་རེད་འདུག 

ཟླ་༨ པའི་ཚེས་༡༧ ཉིན་བཙན་བྱོལ་བོད་མིའི་བརྒྱུད་ལམ་ཁག་ཅིག་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་༨ པའི་ཚེས་༡༣ ཉིན་གྱི་དགོང་མོར་བོད་ནག་ཆུ་ཁུལ་གྱི་སྦྲ་ཆེན་རྫོང་དུ་གནས་སྡོད་བྱེད་མཁན་ཨ་མ་རིག་འཛིན་སྒྲོལ་མ་དང་བུ་མོ་བཀྲ་ཤིས་དབྱངས་སྐྱིད་གཉིས་རྒྱ་ནག་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པ་དང་། ཕྱི་ཉིན་དེར་ཨ་མ་རིག་འཛིན་སྒྲོལ་མ་གློད་གྲོལ་བཏང་ཡོད་ཀྱང་། བུ་མོ་བཀྲ་ཤིས་དབྱངས་སྐྱིད་གར་སོང་ཆ་མེད་གྱུར་ཡོད་པ་རེད་འདུག

བུ་མོ་ཉིན་གསུམ་ཙམ་རིང་ས་གནས་སུ་བཀག་ཉར་བྱས་ཡོད་པ་གོ་ཐོས་བྱུང་ཡོད་ཀྱང་ཕྱིས་སུ་ས་གནས་གཞན་ཞིག་ཏུ་འཁྲིད་ཕྱིན་ཡོད་སྟབས། ནང་མི་ཚོས་སེམས་འཚབ་ཆེན་པོ་བྱེད་བཞིན་ཡོད་པ་མ་ཟད། ཐེངས་མང་པོར་ས་གནས་ཉེན་རྟོག་ཁང་དུ་སྐད་ཆ་འདྲི་རུ་ཕྱིན་ཡོད་ཀྱང་། བུ་མོ་བཀྲ་ཤིས་དབྱངས་སྐྱིད་ལྷ་ས་ན་ཡོད་སྐོར་ཙམ་ལས་གང་ཡང་བཤད་མེད་འདུག 

རང་ལོ་ ༢༣ ཡིན་པའི་བུ་མོ་བཀྲ་ཤིས་དབྱངས་སྐྱིད་ནི་བོད་ལྗོངས་སློབ་གྲྭ་ཆེན་མོའི་སློབ་ཕྲུག་ཅིག་ཡིན་ཞིང་། ཉེ་སྔོན་ལྷ་ས་དང་གཞིས་ཀ་རྩེ་སོགས་སུ་ཏོག་དབྱིབས་གཉན་རིམས་འགོས་ཁྱབ་ཕྱིན་པར་བརྟེན། སློབ་གྲྭ་ནས་ཕྱིར་རང་ཁྱིམ་དུ་བསླེབས་ཡོད་འདུག རང་ལོ་ ༧༦ ཡིན་པའི་ཁོང་མོའི་ཨ་མ་རིན་འཛིན་སྒྲོལ་མ་ནི་དུས་རྒྱུན་ཆོས་སེམས་ཆེན་པོ་དང་ཡུལ་མི་ཚང་མར་མཐུན་ལམ་ལེགས་པོ་ཡོད་སྟབས། གྲོང་མི་ཚང་མས་ཧ་ཅང་དགའ་བོ་བྱེད་ས་ཞིག་ཡིན་འདུག

དེ་ཡང་རྒྱ་ནག་གཞུང་གི་ཉེན་རྟོག་པས་མ་སྨད་གཉིས་ཕྱི་ཕྱོགས་ལ་འབྲེལ་བ་ཡོད་པ་དང་ཁྲིམས་འགལ་གྱི་པར་རིས་བརྒྱུད་བསྐུར་བྱས་པའི་ཉེས་མིང་འོག་འཛིན་བཟུང་བྱས་ཡོད་འདུག་ཀྱང་། ཕྱི་ཕྱོགས་སུ་གནད་དོན་གང་གི་ཐོག་པར་རིས་བརྒྱུད་བསྐུར་བྱས་ཡོད་མེད་ཐོག་གནས་ཚུལ་གསལ་པོ་མེད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།