ཨ་མ་ལ་བཀའ་དྲིན་རྗེས་དྲན་ཞུས་པ།

རྩོམ་པ་པོ་ཉག་རོང་དོན་གྲུབ།

ཕྱི་ཟླ་ ༠༦ པའི་ཚེས་ ༠༦ ཉིན་ཨ་རིར་གནས་བཞུགས་ཉག་རོང་བ་ཕ་ཡུལ་གཅིག་པའི་ངོས་ནས། ས་གནས་ནེའུ་ཡོག་དཔལ་ཡུལ་དགོན་པའི་གུ་རུའི་ལྷ་ཁང་ནང་དུ། རྒྱལ་གཅེས་དཔའ་མོ་རྒྱ་རི་རྡོ་རྗེ་གཡུ་སྒྲོན་མཆོག་སྐུ་གཤེགས་ནས་ཞག་པོ་བཞི་བཅུ་ཞེ་དགུ་ཟིན་པའི་ཉིན་མོར། ༧སྐྱབས་རྗེ་མདོ་རིན་པོ་ཆེ་སྐུ་རབས་དྲུག་པ་དཔལ་ལྡན་ཡེ་ཤེས་མཆོག་དབུ་བཞུགས་ཐོག །དཔལ་ཡུལ་མཁན་པོ་ནོར་རྒྱས་སོགས་བླ་གྲྭ་ཉི་ཤུ་ལྷག་གིས། མཐོ་རིས་དང་ཐར་པའི་གནས་སུ་འདྲེན་པའི་ཀར་གླིང་ཞི་ཁྲོའི་ཆོ་གའི་སྒོ་ནས། སྡིག་པ་སྦྱངས་པ་དང་ཚོགས་བསགས་སྒྲིབ་པ་འདག་པའི་དགོངས་རྫོགས་སྨོན་ལམ་དང་ཚོགས་ཀྱི་འཁོར་ལོ་བསྐོར། གཞན་འཕགས་ཡུལ་ཨོ་རྒྱན་སྨིན་གྲོལ་གླིང་གི་དགོན་པ་རུ། ༧སྐྱབས་རྗེ་སྨིན་གླིང་མཁན་ཆེན་རིན་པོ་ཆེ་དབུ་བཞུགས་ཐོག །སྨིན་གླིང་བླ་སྤྲུལ་རྣམ་པས་ཨ་མའི་ཞེ་དགུའི་དགོངས་རྫོགས་འདས་མཆོད་ཧ་ཅང་རྒྱས་པ་ཞིག་གནང་ཡོད་པའི་གནས་ཚུལ་འདུག

འཇམ་དབྱངས་ནོར་བུའི་གཏམ་བཤད།

སྐུ་ཞབས་རྒན་འཇམ་དབྱངས་ནོར་བུ་ལགས་སྐུ་མགྲོན་གཙོ་བོར་གདན་འདྲེན་ཞུས་ཏེ། ཨ་མ་དམ་པ་དེ་ཉིད་ཕ་ཡུལ་དུ་བཞུགས་སྐབས་རྒྱ་དམར་དགྲ་བོ་ལ་དྲག་འཛིང་ངོ་རྒོལ་བྱས་པའི་སྐོར་བཅས། ལོ་རྒྱུས་རང་བཞིན་ཅན་གྱི་མཛད་པ་རྗེས་དྲན་གྱི་གཏམ་བཤད་གནང་། གཙོ་བོ་རྒན་འཇམ་དབྱངས་ནོར་བུ་ལགས་རྒྱ་རི་ཚང་དང་། ལྷག་པར་དུ་རྒྱ་རི་རིན་པོ་ཆེ་དང་ཨ་མ་གཉིས་ལ་འགྲོགས་འདྲིས་ཆེན་པོ་ཡོད་པས། ཨ་མ་རྡོ་རྗེ་གཡུ་སྒྲོན་མཆོག་གིས་རྒྱ་དམར་པོའི་དམག་དཔུང་ལ་ཁ་གཏད་རྒོལ་འཛིང་བྱས་པ་སོགས་ཧ་གོ་བ་ཡིན་སྐོར་དང་། བོད་ཀྱི་སྐྱེས་སྨན་དཔའ་མོ་བྱུང་བའི་སྐོར་ཧ་ཅང་གལ་ཆེན་པོ་ཡིན་པའི་ལོ་རྒྱུས་ནང་ལ་འཁོད་དགོས་ཡོད་སྐོར་དང་། ཁམས་ཕྱོཌ་དང་དབུས་གཙང་ཁུལ་སོཌ་ལ་རྒྱལ་གཅེས་དཔའ་མོ་མང་པོ་བྱུང་ཡོད་པ་དག །ཁོང་གིས་བརྗེད་ཟིན་པའི་གངས་རིའི་བྲག་ཆའི་ནང་ལ་བྲིས་ཡོད་ཟེར། མཐར་རྒྱ་རི་ཚང་གི་ཨ་མ་གཉིས་ང་ལ་བཀའ་དྲིན་ཆེན་པོ་ཡིན། ཨ་མ་གཉིས་ཀ་ཧ་ཅང་དྲན་གི་འདུག །རྒྱ་རི་རིན་པོ་ཆེ་ངེད་གཉིས་མཚམས་མཚམས་རྩོད་པ་འདྲ་ཤོར་དུས། ཨ་མ་གཉིས་ཀས་ང་ལ་རྒྱབ་རྩ་གནང་གི་རེད་ཅེས་ལབ་སོང་།

རྒྱ་རི་སྒྲོལ་མའི་གཏམ་བཤད།

སྟེས་དབང་གིས་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་ཁ་ལོ་རཱ་ཌོར་ཆུ་སྒང་དུས་དྲན་ཐེངས་ ༦༦ པའི་མཛད་སྒོ་ལ་ཕེབས་པ་དང་དུས་མཚུངས་བྱུང་བས། བཀའ་བློན་མཆོག་ཨ་མའི་ཞེ་དགུའི་མཛད་སྒོར་ལ་ཕྱོགས་ཕེབས་གནང་བ་མ་ཟད། ཨ་མ་རྡོ་རྗེ་གཡུ་སྒྲོན་སྐོར་ལ་གཏམ་བཤད་ཀྱང་གནང་སོང་། སྤྱིར་བཏང་རྒྱ་རི་ཚང་གི་ཨ་མ་གཉིས་ཀ་ཡ་རབ་བཟང་སྤྱོད་དང་ལྡན་ཞིང་། འཇིག་རྟེན་མི་ཐབས་དང་དམ་པའི་ལྷ་ཐབས་ལ་མཁས་པ། ཆེ་བ་བཀུར་ཤེས་པ་དང་ཐད་ལ་འགྲོགས་ཤེས་པ། དམན་པ་སྐྱོང་ཤེས་པ་སོགས་ཐ་ཆད་པ་རང་ལྟ་བུས་ནི་བློ་ཡུལ་ལ་མི་ཤོང་བ་ལྟ་བུ་ཞིག་ཡིན། དེ་བཞིན་རྒྱ་རི་སྒྲོལ་མས་ཀྱང་”ཨ་མས་མོ་རང་གིས་རྒྱ་དམར་པོ་ལ་ཁ་གཏད་བཅགས་ནས་དམག་འཛིངས་པ་སོགས། གཞན་གྱི་ཁ་ནས་གོ་བ་མ་གཏོགས་ང་ཚོ་ལ་དེ་སྐོར་ཤོད་ཀྱི་མ་རེད་”ཟེར། དེ་ནི་ལོས་བདེན་སྙམ། རྒན་འཇམ་དབྱངས་ནོར་བུས་དེབ་ནང་ལ་བྲིས་པ་དང་བཅར་འདྲི་སོགས་ལ་བཤད་པ་མ་གཏོགས། ང་ཚོ་ཉག་རོང་བ་ཕ་ཡུལ་གཅིག་པ་ཚོས་ཀྱང་ཧ་གོ་མི་འདུག ། དབྱིན་ཡིག་ནང་”མེ་ཁལ་དོན་ཧམ་”ཟེར་བ་ཞིག་གིས་”སངས་རྒྱས་ཀྱི་དཔའ་རྟུལ་རྣམས་” Βυδδηα’σ Ωαρριορσ ཞེས་པའི་དེབ་དེའི་ནང་། “ཉག་རོང་ནས་བུད་མེད་ལོ་གཞོན་རྡོ་རྗེ་གཡུ་སྒྲོན་ཟེར་བ་གཅིག་གིས་དམག་སྣེ་ཁྲིད་ནས། རྒྱ་དམར་ལ་རྒོལ་འཛིང་བྱས་པ་རེད། ཡིན་ན་ཡང་། མཐའ་མར་ནང་ནས་སྟག་ཟན་ཞིག་གིས་བུ་མོ་དེའི་མགོ་ལ་ཐུང་མདའ་བརྒྱབས་ནས་བསད་བཞག་པ་རེད་”ཅེས་བྲིས་འདུག །གལ་སྲིད་འཇམ་དབྱངས་ནོར་བུས་ཨ་མའི་སྐོར་སྤྱི་ཚོགས་ནང་ལ་མ་བཤད་པ་ཡིན་ན། བུ་མོ་རྡོ་རྗེ་གཡུ་སྒྲོན་ཟེར་བ་གཅིག་ནང་གསོད་བྱས་པ་མ་གཏོགས། རྒྱ་རི་རྡོ་རྗེ་གཡུ་སྒྲོན་གྱིས་རྒྱ་དམར་ལ་ངོ་རྒོལ་གནང་བ་དེ། བོད་ཀྱི་རྒྱལ་རབས་ལོ་རྒྱུས་ནང་ནས་བོར་བརླག་བྱུང་ཚར་བ་རེད།

ཨ་མ་རྡོ་རྗེ་གཡུ་སྒྲོན་སུ་རེད།

ཉག་རོང་སྟོང་དཔོན་རྒྱ་རི་ཉི་མའི་བཟའ་ཟླ་ཆུང་བ་རྒྱ་རི་དཔའ་མོ་རྡོ་རྗེ་གཡུ་སྒྲོན་ལགས་ནི། བོད་ཤིང་ཕག་ ༡༩༣༥ ལོར་ཁམས་ཉག་རོང་དུ་ཕ་ཀུན་མཁྱེན་དང་མ་བསོད་ནམས་སྒྲོལ་མ་གཉིས་ཀྱི་བུ་མོར་སྐྱེས། ཁྱིམ་ཚང་གི་མིང་ལ་ (མྱི་ལོག་) ཚང་ཞེས་འབོད། ཕྱི་ལོ་ ༡༩༥༦ མགོ་སྟོད་དུ་རྒྱ་དམར་གཞུང་གིས་མདོ་ཁམས་ཕྱོགས་ལ་དམངས་གཙོ་བཅོས་བསྒྱུར་དངོས་སུ་ལག་བསྟར་བྱེད་འགོ་བཙུགས་ཡོད་རྐྱེན། རྒྱ་རི་རྡོ་རྗེ་གཡུ་སྒྲོན་ལགས་ཀྱིས་ཁམས་ཕྱོགས་ཀྱི་གཡོན་རུ་དཔོན་པོ་སོགས་ཆབ་མདོ་མན་ཆད་ཀྱི་མི་ཆེན་དང་བླ་ཆེན་ཁག་ལ་ཡིག་འབྲེལ་བྱས་ནས། བོད་ཟླ་ ༠༡ པོའི་ཚེས་ ༡༨ ཉིན་རྒྱ་དམར་དམག་དཔུང་ཕྱིར་སློག་མཐར་སྤྲོད་གཏོང་བའི་དྲག་རྒོལ་དུས་བཀག་ཅིག་བྱས་ཡོད་འདུག་མོད། རྒྱ་དམག་གིས་ཉིན་བཞིན་གོ་མཚོན་དང་ལག་ཆ་རྩིས་འབུལ་བྱེད་དགོས་ཟེར་ནས། མི་མང་རྣམས་ཚོགས་འདུར་བཙན་བསྐོངས་བྱས་ཏེ་འཛིན་བཟུང་དང་། རྡུང་རྡེག་བཙོན་འཇུག་སོགས་བྱེད་ཀྱི་ཡོད་པ་མ་ཟད། སྟོང་དཔོན་རྒྱ་རི་གཤིས་པ་ཚང་གི་དཔོན་པོ་འགྱུར་མེད་དར་རྩེ་མདོ་ལ་ཡོད་སྐབས། ཁོང་གི་ཨ་མ་དང་། བུ་ལོ་ ༡༨ ཅན། སྐྱེས་སྨན་དང་གཡོག་པོ་གཅིག་བཅས་མི་བཞི་ལ་མེ་མདའ་བརྒྱབས་ནས་དམར་གསོད་བཏང་རྐྱེན།

རྒྱ་དམག་དང་དམར་འཛིང་བྱས་པ།

ཕྱི་ལོ་ ༡༩༥༦ ཕྱི་ཟླ་ ༠༢ པའི་ཕྱི་ཚེས་ ༢༥ མེ་སྤྲེལ་ལོའི་བོད་ཟླ་ ༠༡ པོའི་ཚེས་ ༡༤ ཉིན་རང་ལོ་ ༢༡ ཡིན་པའི་དཔོན་མོ་རྡོ་རྗེ་གཡུ་སྒྲོན་ལགས་ཀྱིས་སྐྱེས་པ་ཕོ་ཡི་ཕྱུ་པ་དང་རྐང་སྣམ་གྱོན་ཅིང་། ཐུང་མདའ་ (Πιστολ) ཞིག་དང་གྲི་རིང་ཞིག་སྐེད་ལ་བཏགས་ཏེ་དཔའ་མོ་ཨ་སྟག་ལྷ་མོ་ནང་བཞིན། དུས་བཀག་ངོ་རྒོལ་ཉིན་གསུམ་གྱི་སྔོན་ལ། ཧྲག་བསྡུས་ཉག་རོང་དམག་མི་བཅོ་བརྒྱད་ཙམ་གྱི་དམག་སྣེ་ཁྲིད་ནས། རྒྱ་རིའི་ཕོ་བྲང་ནང་ནས་འགོ་བཙུགས་ཏེ་རྒྱ་དམག་ལ་དྲག་འཐབ་རྒོལ་འཛིང་བྱས་པ་དང་། དེ་རྗེས་རྡོ་རྗེ་གཡུ་སྒྲོན་གྱིས་ཉག་སྟོད་སྨད་ཀྱི་ཡུལ་དམག་གང་མང་བསྡུས་ཏེ་དཀར་མཛེས་ཕྱོགས་ཀྱི་འགྲོ་ལམ་བཀག་པ་དང་། ཉག་རོང་རྫོང་སྡོད་རྒྱ་དམག་རྣམས་ཀྱི་མཐའ་བསྐོར་ནས། ཉག་དམག་དང་རྒྱ་དམག་དབར་ཟླ་བ་ལྔ་ཡི་རིང་ལ་དམག་འཁྲུག་བརྒྱབ་ཡོད་ན་ཡང་། ཉག་རོང་འབྲུག་མོ་རྫོང་ས་བཙན་པ་དང་། མཁར་རྫོང་མཁྲེགས་པོ་ཡོད་པ། ཉག་དམག་ལ་སྒྱོགས་མདེལ་སོགས་ལག་ཆ་ཡག་པོ་མེད་པས། ཉག་རོང་རྫོང་མཁར་ལེན་ཐུབ་མི་འདུག །རྡོ་རྗེ་གཡུ་སྒྲོན་གྱིས་དམག་སྣེ་ཁྲིད་པའི་རྒྱ་རི་ཚང་གི་འབངས་དམག་སྟག་ཕྲུག་ཚོགས་པའི་བཙན་རྒོལ་དམག་འཐབ་བྱས་པ་དེ་ནི། བོད་མིས་རྒྱ་དམར་གཞུང་ལ་ཕར་རྒོལ་བྱས་པ་ཐོག་མ་དང་། བོད་ཀྱི་སྐྱེས་སྨན་ཞིག་གིས་དམག་དཔོན་བྱས་ནས་དམག་སྣེ་ཁྲིད་པ་དེ་ཡང་ཐོག་དང་པོ་རེད་ཅེས་གྲགས་ཡོད། ཟླ་བ་གཅིག་གི་རྗེས་སུ། རྒྱ་དམག་ཨང་བཅོ་བརྒྱད་པའི་དམག་མི་བརྒྱད་བརྒྱ་ལྷག་དཀར་མཛེས་ཁུལ་ནས་ཉག་རོང་དུ་བཙན་མཛུལ་བྱེད་སྐབས། རྒྱ་རི་རྡོ་རྗེ་གཡུ་སྒྲོན་གྱིས་སྣེ་ཁྲིད་པའི་སྟག་ཕྲུག་ཚོགས་པས། རྒྱ་དམག་བཞི་བརྒྱ་ལྷག་བསད་ནས་རྒྱལ་ཁ་ཅུང་ཟད་ཐོབ་ཡོད་ན་ཡང་། མཐར་རྒྱ་དམག་ཉིས་བརྒྱ་ཙམ་རྫོང་ནང་ལ་དམག་རོགས་སུ་ཤོར་བ་རེད་འདུག ། རྒྱ་རི་རྡོ་རྗེ་གཡུ་སྒྲོན་གྱིས་དམག་སྣེ་ཁྲིད་པའི་ཉག་དམག་ཚོས། ཁྱོན་རྒྱ་དཔོན་ཉིས་བརྒྱ་དང་རྒྱ་དམག་ཉིས་སྟོང་ལྷག་བསད་ཡོད་པ་མ་ཟད། རྨས་སྐྱོན་ཕོག་པའི་དམག་མི་ཆེས་མང་པོ་ཡོད་པ་དང་། ཉག་རོང་རྫོང་གི་མདུན་ཐང་ལྷའུ་མདོར་རྒྱ་རོ་མང་པོ་དུར་སྦས་བྱས་པ་རེད་འདུག །

གཡོ་རྒྱུའི་མགོ་སྐོར་བཏང་བ།

དེ་རྗེས་རྒྱ་མིས་”དབུས་གཞུང་གི་བཀའ་ལྟར་སྲིད་ཇུས་གུ་ཡངས་བཏང་བ་ཡིན། དམངས་གཙོ་བཅོས་བསྒྱུར་མི་བྱེད། ལག་ཆ་རྩིས་འབུལ་མི་དགོས་”ཟེར་ནས། རྒྱ་རི་ཉི་མ་རྒྱལ་མཚན་སོགས་དར་མདོར་བཀག་ཉར་ཡོད་མཁན་མང་ཆེ་བ་གློད་བཀྲོལ་བཏང་། བར་ལམ་ཅུང་ཟད་ཞི་འཇམ་ལྟར་གནས་རུང་། རྗེས་སུ་རྟའུ་དང་བྲག་འགོ་ཕྱོགས་ནས་ཉག་རོང་ལ་རྒྱ་དམག་སྟོང་ཕྲག་བཅོ་ལྔ་ནས་ཉི་ཤུའི་བར་གྱི་དཔུང་དམག་བཏང་ནས། (ཁ་ཤས་ཀྱིས་རྒྱ་དམག་ཁྲི་གསུམ་བཏང་བ་རེད་ཟེར།) སྟོང་དཔོན་ཆུ་སྒོ་ཚང་དང་གྱང་པ་ཚང་གཉིས་རྩ་མེད་བཏང་ཞིང་། རྒྱ་རི་ཉི་མ་རྒྱ་མཚན་མཆོག་དང་སྐུ་ཟླ་ནོར་འཛིན་ལྷ་མོ་ལགས། རྡོ་རྗེ་གཡུ་སྒྲོན་ལགས་གསུམ་ལ། འཐབ་འཛིང་དང་དམར་གསོད་གཏོང་རྒྱུའི་འཆར་གཞི་གྲ་སྒྲིག་བྱེད་བཞིན་པའི་སྐབས། ཞི་བ་དགོན་པ་དང་གུ་རུ་དགོན་པ་སོགས་ཀྱིས་གཙོས་ཡུལ་དམག་ཚོས་དྲག་རྒོལ་ཤུགས་ཆེན་པོ་བརྒྱབ་ཅིང་། རྒྱ་རི་ཚང་ལ་དམག་རོགས་བྱས་ནས་ཟླ་བ་བཞིའི་རིང་རྒྱ་དམག་དང་ཉག་རོང་དབར་དམག་འཁྲུག་བྱས་ཡོད་ན་ཡང་། མཐར་རྒྱབ་དཔུང་མེད་པའི་ཉག་དམག་གིས་མང་སྣ་ཉུང་བས་མ་བརྟེན་པར། རྒྱ་རི་ཉི་མ་དང་རྡོ་རྗེ་གཡུ་སྒྲོན་གཉིས་ཀྱིས་དམག་སྣེ་ཁྲིད་ནས། ལི་ཐང་རི་དམག་དང་མཉམ་དུ་མི་གྲངས་ ༦༠ ཙམ་ཨ་བསེ་རྟ་ཁོག་བརྒྱུད་ནས། འཛིང་རེས་བྲོས་རེས་བྱེད་ཞོར་འཕན་པོ་ཆུ་སྒང་དམག་སྒར་དུ་འབྱོར་དུས། མི་ཚང་ཁ་ཤས་མ་གཏོགས་ལྷག་མི་འདུག་ཟེར། བྲོས་བྱོལ་ལ་འགྲོ་དུས་ལམ་བར་ནས་རྒྱ་རི་རིན་པོ་ཆེ་དགུང་ལོ་ ༠༩ མ་གཏོགས་མིན་རུང་། ཁོང་ནི་ཆུང་དུས་ནས་ཕྱག་མོ་ལུང་བསྟན་ཐིག་པོ་ཡོད་མཁན་ཞིག་ཡིན་པས། ཁོང་གི་ཕྱག་མོ་ལམ་སྟོན་ལ་བསྟེན་ནས་རྒྱ་རི་ཚང་གི་ནང་མི་མགོ་ཐོན་བྱུང་བ་ཡིན་ཟེར། དེ་ནས་ཆུ་སྒང་དམག་དང་མཉམ་དུ་བཙན་རྒོལ་དམག་འཐབ་བྱས་རྗེས། མཐར་ ༡༩༥༩ ལོར་སྐྱིད་པའི་རང་ས་རང་ཡུལ་རྒྱབ་ལ་གཡུགས་ནས། སྡུག་གི་མི་ཡུལ་ལུང་པར་སྐྱབས་བཅོལ་དུ་ཕེབས་བཙན་བྱོལ་བའི་འཚོ་བར་རོལ།

མི་རབས་གཅིག་མཇུག་རྫོགས་པ།

ཕྱི་ལོ་ ༢༠༢༤ ལོའི་ཟླ་བ་ ༠༤ པའི་ཚེས་ ༡༩ ཉིན་གྱི་ཞོགས་པའི་ཆུ་ཚོད་གཉིས་པར་ཁོང་སྐུ་གཤེགས་ཡོད་པས། རྒྱ་རི་ཚང་གི་མི་རབས་གཅིག་མཇུག་རྫོགས་པ་ཡིན། བོད་ཀྱི་རྒྱལ་གཅེས་དཔའ་མོ་ཞིག་གཏན་དུ་བོར་ཟིན་པ་རེད། ཟླ་བ་ ༠༤ པའི་ ༢༩ ཉིན་རྒྱ་གར་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་དུ། ༧སྐྱབས་རྗེ་མཁོ་ཁྱིམ་རིན་པོ་ཆེ་དབུ་བཞུགས་ཐོག་སྐུ་གདུང་ཞུགས་འབུལ་གྱི་སྦྱིན་བསྲེགས་མཆོད་འབུལ་རྒྱས་པ་ཞུས་ཡོད་པ་དང་། ཕྱི་ཟླ་ ༠༦ པའི་ཚེས་ ༠༦ ཉིན་འཕགས་ཡུལ་ཨོ་རྒྱན་སྨིན་གྲོལ་གླིང་དགོན་པ་དང་། ཨ་རིའི་ས་གནས་ནེའུ་ཡོག་གཉིས་ནས་ཞེ་དགུའི་དགོངས་རྫོགས་མཆོད་འབུལ་ཞུས་ཡོད་པ་བཅས།

སྐུའི་མཛེས་སྡུག་གངས་ལྗོངས་ཤར་ནས་བཞད།།

གསུང་ངར་སྐད་རྒྱ་དམར་དགྲ་བོར་བསྒྲགས།།

ཐུགས་བྱམས་བརྩེ་རེ་ལྟོས་འབངས་ལ་བསྙམས།།

མ་ཁྱེད་ཉིད་དྲན་བཞིན་གདུང་བས་མནར།།

རྒྱ་དམར་པོའི་གདོང་ལ་སྟག་བཞིན་མཆོངས།།

ནང་ཕུ་ནུའི་མདུན་ལ་མ་བཞིན་བྱམས།།

བོད་རྒྱལ་གཅེས་དཔའ་མོའི་མཚན་སྙན་བཞག།

མ་རྡོ་རྗེ་གཡུ་སྒྲོན་རྟག་ཏུ་རྒྱལ།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།