ཨ་རི་དང་དབྱིན་ཡུལ་གཉིས་ཀྱིས་རྒྱ་ནག་ནི་སོ་མྱུལ་ལས་དོན་ལ་ཉེན་ཚབས་ཆེན་པོ་ཡོད་སྐོར་བརྗོད་འདུག
ཨ་རི་དང་དབྱིན་ཡུལ་གྱི་གསང་བའི་ལས་ཁུངས་གཉིས་ཀྱིས་རྒྱ་ནག་གི་སོ་མྱུལ་དང་དྲ་ཐོག་འཇབ་རྒོལ་གྱི་ལས་དོན་སོགས་ཀྱིས། རྒྱལ་ཁབ་དེ་གཉིས་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་ཉེན་ཚབས་ཆེན་པོ་བཟོ་བཞིན་ཡོད་ཁར། གལ་སྲིད་མ་འོངས་པར་རྒྱ་ནག་གིས་ཐའེ་ཝན་ལ་བཙན་འཛུལ་བྱས་ཚེ་རྒྱལ་སྤྱིའི་ཚོང་ལས་ལ་གནོད་སྐྱོན་ཆེན་པོ་གཏོང་རྒྱུ་ཡིན་སྐོར་བརྗོད་འདུག
ཨ་རི་དང་དབྱིན་ཡུལ་གྱི་གསང་བའི་ལས་ཁུངས་གཉིས་ཀྱིས་རྒྱ་ནག་གི་སོ་མྱུལ་དང་དྲ་ཐོག་འཇབ་རྒོལ་གྱི་ལས་དོན་སོགས་ཀྱིས། རྒྱལ་ཁབ་དེ་གཉིས་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་ཉེན་ཚབས་ཆེན་པོ་བཟོ་བཞིན་ཡོད་ཁར། གལ་སྲིད་མ་འོངས་པར་རྒྱ་ནག་གིས་ཐའེ་ཝན་ལ་བཙན་འཛུལ་བྱས་ཚེ་རྒྱལ་སྤྱིའི་ཚོང་ལས་ལ་གནོད་སྐྱོན་ཆེན་པོ་གཏོང་རྒྱུ་ཡིན་སྐོར་བརྗོད་འདུག
ཟླ་༧ པའི་ཚེས་༧ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཨ་རིའི་གཞུང་གི་གསང་བའི་ལས་ཁུངས་དང་དབྱིན་ཡུལ་གྱི་དམག་དོན་གསང་བའི་ལས་ཁུངས་༡༥ པ་གཉིས་ཀྱི་འགན་འཛིན་གྱིས། དབྱིན་ཡུལ་གྱི་རྒྱལ་ས་ལོན་ཊོན་ཏུ་སྒེར་གྱི་ཚོང་པ་ཆེན་པོ་དང་ཤེས་ཡོན་སོགས་ཡོད་པའི་འདུ་འཛོམས་ཤིག་ཏུ་ཐོག་ཏུ། རྒྱ་ནག་གི་ཉེན་ཚབས་སྐོར་གཏམ་བཤད་བྱས་ཡོད་ཁར་གསར་འགོད་པའི་དྲི་བར་ལན་འདེབས་བྱས་ཡོད་པ་རེད།
སྐབས་དེར་ཨ་རིའི་གཞུང་གི་གསང་བའི་ལས་ཁུངས་ཀྱི་འགན་འཛིན་ཁཱེ་རི་སེ་ཊོ་ཧྥེར་ཝེ་རཱི་ཡིས། རྒྱ་ནག་གཞུང་གིས་ནུབ་ཕྱོགས་རྒྱལ་ཁབ་ཁག་ལས་འཕྲུལ་རིག་བརྐུ་ཡི་ཡོད་པ་མ་ཟད། ད་ལྟའི་ཆར་ཨུ་རུ་སུས་ཡུག་ཀེ་རན་ལ་བཙན་འཛུལ་བྱས་རྐྱེན་དཔལ་འབྱོར་ཉེས་ཆད་མྱོང་བཞིན་པའི་གནད་དོན་ལས་སློབ་གསོ་བླངས་ནས། རྒྱ་ནག་གཞུང་གིས་གལ་ཏེ་ཐའེ་ཝན་ལ་བཙན་འཛུལ་བྱས་ཚེ་རྒྱལ་སྤྱིའི་དཔལ་འབྱོར་ཉེས་ཆད་ཀྱིས་གནོད་སྐྱོན་གཏོང་མི་ཐུབ་པ་བཟོ་ཆེད་དུ་ལས་དོན་སྤེལ་བཞིན་ཡོད་པ་དང་། ཉེ་ཆར་ཡཱེལ་གཙུག་ལག་སློབ་གཉེར་ཁང་གིས་ཚོད་དཔག་བྱས་པར་གཞིགས་ན། ཨུ་རུ་སུས་ཡུག་ཀེ་རན་ལ་བཙན་འཛུལ་བྱས་རྐྱེན། ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ཚོང་ལས་ལ་ཨ་སྒོར་ཐེར་འབུམ་༥༩ གྱོང་གུད་ཐེབས་ཡོད་པ། གལ་ཏེ་རྒྱ་ནག་གཞུང་གིས་ཐའེ་ཝན་ལ་དངོས་སུ་བཙན་འཛུལ་བྱས་ཚེ། རྒྱལ་སྤྱིའི་ཚོང་ལས་ལ་གྱོང་གུད་དེ་ལས་ཀྱང་ཆེ་བ་ཐེབས་རྒྱུ་ཡིན་སྐོར་བརྗོད་འདུག
དེ་བཞིན་ཁོང་གིས་རྒྱ་ནག་གཞུང་གིས་ནུབ་ཕྱོགས་རྒྱལ་ཁབ་ཚོའི་འཕྲུལ་རིག་བརྐུ་འཁྱེར་བྱེད་ཐབས་གང་ཡོད་བྱེད་བཞིན་ཡོད་པའི་ཉེན་བརྡ་བཏང་ནས། ཉེ་ཆར་ཨ་རིའི་ནིའུ་ཡོག་ནང་དུ་དེ་སྔོན་གནམ་སྡེ་སྒོ་མོའི་ཐང་ཆེན་དུ་མང་གཙོའི་ལས་འགུལ་བ་ཞིག་གྲོས་ཚོགས་འཐུས་མིའི་འོས་མིར་ལངས་སྐབས་སུ། རྒྱ་ནག་གཞུང་གིས་འོས་མི་དེར་རྒྱལ་ཁ་མི་ཐོབ་པའི་ཆེད་དུ། སྒེར་གྱི་རྟོག་ཞིབ་པ་ཞིག་གླས་ནས་འོས་མིར་དམའ་འབེབས་བྱེད་ཆེད་དུ་རྒྱབ་ལྗོངས་ལོ་རྒྱུས་ལ་ཞིབ་འཇུག་བྱེད་དུ་བཅུག་ཡོད་པ་དང་། ཁོ་ཚོས་དམའ་འབེབས་བྱེད་རིན་ཡོད་པའི་གནས་ཚུལ་གང་ཡང་རྙེད་སོན་མ་བྱུང་སྐབས། སྨད་ཚོང་མ་དང་འབྲེལ་བའི་གླེང་རྙོག་རྫུན་བཟོ་བྱེད་ཐབས་བྱས་ཡོད་ཁར། རླངས་འཁོར་བརྡབ་སྐྱོན་ཡོང་བ་བཟོ་རྒྱུའི་བསམ་ཚུལ་ཡང་བྱུང་ཡོད་སྐོར་བརྗོད་འདུག
དབྱིན་ཡུལ་གཞུང་གི་དམག་དོན་གསང་བའི་ལས་ཁུངས་༡༥ པའི་འགན་འཛིན་ཀེན་མེག་ཁཱ་ལེམ་གྱིས། རྒྱ་ནག་གིས་དྲ་ཐོག་འཇབ་རྒོལ་བྱེད་པའི་ཉེན་ཚབས་ཀྱི་གནས་ཚུལ་དེ་རྒྱལ་ཁབ་༣༧ ལ་མཁོ་སྤྲོད་བྱས་ཡོད་པ་དང་། དེ་བཞིན་དབྱིན་ཡུལ་གྱི་མཁའ་ལམ་འགྲུལ་བཞུད་ཀྱི་ཆེད་ལས་པ་ཞིག་ལ་རྒྱ་ནག་གཞུང་དང་འབྲེལ་བ་ཡོད་པའི་ཚོང་ལས་ཁག་གཅིག་གིས། ལས་ཀའི་གླ་ཕོག་ཆེན་པོ་སྤྲོད་རྒྱུ་ཁས་ལེན་བྱས་ཏེ། རྒྱ་ནག་ཏུ་ཐེངས་གཉིས་བསྐྱོད་ནས། མཐའ་མ་དེར་དམག་གི་གནམ་གྲུ་དང་འབྲེལ་བའི་ཆེད་ལས་གནས་ཚུལ་སྐད་ཆ་དྲིས་སྐབས། དབྱིན་ཡུལ་གསང་བའི་ལས་ཁུངས་ནས་ཐེ་བྱུས་བྱེད་དགོས་བྱུང་བ་སོགས། རྒྱ་ནག་གཞུང་གིས་སོ་མྱུལ་གྱི་ལས་དོན་སྤེལ་བའི་གནས་ཚུལ་རིམ་པ་འགྲེལ་བརྗོད་བྱས་འདུག
དེ་བཞིན་ཁོང་གིས་ཁྲིམས་གསར་པ་ཚོས་རྒྱ་ནག་གི་ཉེན་ཁ་ལ་འཐབ་རྒོལ་བྱེད་པར་ཕན་ཐོགས་ཡོང་རྒྱུ་ཡིན་པ་དང་། ཉེ་ཆར་ཐོངས་མཆན་གྱི་ལམ་ལུགས་ལ་བཅོས་སྒྱུར་བྱས་ནས། རྒྱ་ནག་གི་དམག་མི་དང་འབྲེལ་བའི་སློབ་མ་༥༠ ཞིག་དབྱིན་ཡུལ་ནས་ཕྱིར་ཐོན་དགོས་པ་ཆགས་ཡོད་སྐོར་བརྗོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།