ཨ་རི་དང་ལྷོ་ཀོ་རི་ཡ་གཉིས་བར་ཀོ་རི་ཡའི་དམག་འཁྲུག་མཇུག་སྒྲིལ་བའི་གསལ་བསྒྲགས་ཟིན་བྲིས་ལ་མོས་མཐུན་བྱུང་འདུག 

ལྷོ་བྱང་ཀོ་རི་ཡ་གཉིས་བར་དམག་འཁྲུག་བར་མཚམས་འཇོག་པའི་གྲོས་མཐུན་བྱུང་བ་ལས། དམག་འཁྲུག་གཏན་དུ་མཇུག་སྒྲིལ་བའི་གྲོས་མཐུན་བྱུང་མེད་པས། ཨ་རི་དང་ལྷོ་ཀོ་རི་ཡ་གཉིས་བར་དམག་འཁྲུག་མཇུག་སྒྲིལ་བའི་གསལ་བསྒྲགས་ཟིན་བྲིས་ཤིག་ལ་མོས་མཐུན་བྱུང་ཡོད་འདུག་ཀྱང་། བྱང་ཀོ་རི་ཡས་གྲོས་མཐུན་དེར་མོས་མཐུན་བྱེད་མིན་ཚོད་དཔག་བྱེད་དཀའ་བ་ཡིན་འདུག 

ལྷོ་བྱང་ཀོ་རི་ཡ་གཉིས་བར་དམག་འཁྲུག་བར་མཚམས་འཇོག་པའི་གྲོས་མཐུན་བྱུང་བ་ལས། དམག་འཁྲུག་གཏན་དུ་མཇུག་སྒྲིལ་བའི་གྲོས་མཐུན་བྱུང་མེད་པས། ཨ་རི་དང་ལྷོ་ཀོ་རི་ཡ་གཉིས་བར་དམག་འཁྲུག་མཇུག་སྒྲིལ་བའི་གསལ་བསྒྲགས་ཟིན་བྲིས་ཤིག་ལ་མོས་མཐུན་བྱུང་ཡོད་འདུག་ཀྱང་། བྱང་ཀོ་རི་ཡས་གྲོས་མཐུན་དེར་མོས་མཐུན་བྱེད་མིན་ཚོད་དཔག་བྱེད་དཀའ་བ་ཡིན་འདུག 

ཟླ་༡༢ པའི་ཚེས་༣༠ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ལྷོ་ཀོ་རི་ཡའི་ཕྱི་སྲིད་བློན་ཆེན་ཅུང་ཨེའོ་ཡོང་གིས་གསལ་བསྒྲགས་ལྷན་ཚོགས་ཤིག་གི་ཐོག་ཏུ། ཨ་རི་དང་ལྷོ་ཀོ་རི་ཡ་གཉིས་བར་ལྷོ་བྱང་ཀོ་རི་ཡའི་དམག་འཁྲུག་མཇུག་སྒྲིལ་བའི་གསལ་བསྒྲགས་ཀྱི་ཟིན་བྲིས་ཤིག་གི་ཐོག་ཏུ་ལས་དོན་ཚགས་ཚུད་བྱུང་ནས། ཟིན་བྲིས་དེར་མོས་མཐུན་བྱུང་ཡོད་སྐོར་བརྗོད་འདུག 

ཨ་རིའི་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པས། ཨ་རིས་བྱང་ཀོ་རི་ཡར་གནོད་འཚེ་བྱེད་པའི་ཀུན་སློང་གང་ཡང་མེད་པ་དང་། ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་ཐུག་འཕྲད་བྱེད་པའི་གྲ་སྒྲིག་ཡོད། བྱང་ཀོ་རི་ཡས་ཨ་རིར་བརྡ་ལན་བཟང་པོ་སྤྲོད་པའི་རེ་བ་བྱེད་ཀྱི་ཡོད་པ། དེ་བཞིན་ཨ་རིས་ལྷོ་ཀོ་རི་ཡ་དང་ཉི་ཧོང་། མཐུན་ཕྱོགས་རྒྱལ་ཁབ་ཁག་དང་འབྲེལ་ཡོད་གཞན་བཅས་ལ་བྱང་ཀོ་རི་ཡ་དང་འབྲེལ་ལམ་བྱེད་ཕྱོགས་ཐད་མུ་མཐུད་ནས་ལམ་སྟོན་ཞུ་བཞིན་ཡོད་སྐོར་བརྗོད་འདུག 

དེ་ཡང་ཕྱི་ལོ་༡༩༥༠ ལོའི་ཟླ་༦ པའི་ཚེས་༢༥ ཉིན་ལྷོ་བྱང་ཀོ་རི་ཡ་གཉིས་བར་དམག་འཁྲུག་ཤོར་བ་དང་། ཕྱི་ལོ་༡༩༥༣ ལོའི་ཟླ་༧ པའི་ཚེས་༢༧ ཉིན་ཕྱོགས་གཉིས་བར་དམག་འཁྲུག་གི་བར་མཚམས་འཇོག་པའི་གྲོས་མཐུན་བྱུང་ནས། དམག་འཁྲུག་མཚམས་བཞག་ཐུབ་ཡོད་ཀྱང་། ཕྱོགས་གཉིས་བར་ཞི་བའི་གྲོས་མཐུན་ཞིག་བྱུང་མེད་པས་གཞུང་འབྲེལ་ཐོག་ནས་དམག་འཁྲུག་མཇུག་སྒྲིལ་བའི་གསལ་བསྒྲགས་དང་གྲོས་མཐུན་འཇོག་ཐུབ་མེད་པས། ཐེངས་འདིའི་གསལ་བསྒྲགས་ཟིན་བྲིས་དེས་ཕྱོགས་གཉིས་བར་གྱི་དམག་འཁྲུག་གཞུང་འབྲེལ་ཐོག་ནས་མཇུག་སྒྲིལ་བའི་གསལ་བསྒྲགས་དང་གྲོས་མཐུན་འཇོག་ཐུབ་ཆེད་ཡིན་འདུག ཨ་རིས་ལྷོ་བྱང་ཀོ་རི་ཡའི་དམག་འཁྲུག་སྐབས་སུ་དམག་མི་ཕོན་ཆེན་བཏང་ཡོད་པ་མ་ཟད། ཨ་སྒོར་ཐེར་འབུམ་༦༧ ཙམ་འགྲོ་སོང་བཏང་ཡོད་པ་རེད། 

སྤྱིར་བཏང་ཕྱི་ལོ་༢༠༢༠ ལོར་ལྷོ་བྱང་གཉིས་དང་བྱང་ཀོ་རི་དང་ཨ་རི་བར་གྲུབ་འབྲས་ཐོན་པའི་གྲོས་མོལ་བྱུང་མེད་ཁར། ལྷོ་ཀོ་རི་ཡར་གནས་སྡོད་བྱེད་མཁན་བྱང་ཀོ་རི་ཡ་ནས་བྲོས་བྱོལ་བ་ཚོས། བྱང་ཀོ་རི་ཡའི་ས་ཐོག་ཏུ་བྱང་ཀོ་རི་ཡའི་གཞུང་ལ་ཁ་གཏད་ཀྱི་དྲིལ་བསྒྲགས་ཤོག་ལྷེ་གནམ་ཐོག་ནས་གཡུགས་པས། ལོ་དེའི་ཟླ་༦ པའི་བྱང་ཀོ་རི་ཡས་ལྷོ་བྱང་གཉིས་བར་གྱི་འབྲེལ་ལམ་ཆེད་དུ་བཙུགས་པའི་ཁང་པ་ཞིག་འབར་རྫས་ཀྱིས་གཏོར་ནས། ཕྱོགས་གཉིས་བར་གྱི་འབྲེལ་ལམ་བཅད་ཡོད་པ་རེད། འོན་ཀྱང་ལོ་གཅིག་ཙམ་གྱི་རྗེས་ཏེ་ཕྱི་ལོ་༢༠༢༡ ལོའི་ཟླ་༧ པའི་ཚེས་༢༧ ཉིན་ལྷོ་ཀོ་རི་ཡའི་སྲིད་འཛིན་ལས་ཁུངས་དང་བྱང་ཀོ་རི་ཡའི་གཞུང་འབྲེལ་བརྒྱུད་ལམ་གཉིས་ཀྱིས་སྤེལ་བའི་བསྒྲགས་གཏམ་ནང་། ཚེས་༢༧ ཉིན་གྱི་ཞོགས་པའི་ཆུ་ཚོད་༡༠ པ་ནས་བཟུང་། ལྷོ་བྱང་ཀོ་རི་ཡ་གཉིས་བར་གྱི་འབྲེལ་ལམ་ཚང་མའི་ཆེད་དུ། འབྲེལ་ལམ་གྱི་བརྒྱུད་ལམ་དམིགས་བསལ་བ་སྒོ་འབྱེད་རྒྱུ་ཡིན་པ་དང་། ཐག་གཅོད་དེས་ཕྱོགས་གཉིས་བར་གྱི་ཡིད་ཆེས་དང་འགྲིགས་འཇགས་བསྐྱར་གསོ། དེ་བཞིན་འབྲེལ་ལམ་གོང་འཕེལ་འགྲོ་བར་བཟང་པོའི་ཤུགས་རྐྱེན་ཡོང་རྒྱུ་ཡིན་སྐོར་བསྒྲགས་འདུག

དེ་སྔོན་ཨ་རིས་ལྷོ་བྱང་ཀོ་རི་ཡ་གཉིས་བར་གྱི་དམག་འཁྲུག་གི་གནས་བབ་དེ་གཞུང་འབྲེལ་ནས་མཇུག་བསྒྲིལ་བ་ཡིན་པའི་གསལ་བསྒྲགས་བྱེད་ཐུབ་པ་ཡོང་རྒྱུའི་དགོས་འདུན་བཏོན་སྐབས། བྱང་ཀོ་རི་ཡས་ཨ་རིར་བྱང་ཀོ་རི་ཡའི་རྒྱལ་ཁབ་ལ་གནོད་འཚེ་བྱེད་པའི་ཀུན་སློང་ཡོད་པས། དམག་འཁྲུག་གི་གནས་བབ་དེ་གཞུང་འབྲེལ་ནས་མཇུག་བསྒྲིལ་བ་ཡིན་པའི་གསལ་བསྒྲགས་བྱེད་པའི་དགོས་འདུན་ནི་སྔ་དྲགས་པ་ཡིན་སྐོར་བརྗོད་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།