ཨ་རི་དང་ལྷོ་ཀོ་རི་ཡས་བྱང་ཀོ་རེ་ཡའི་མེ་ཤུགས་འཕུར་མདའི་ཚོད་ལྟ་ལ་ཡ་ལན་བསློགས།
ཟླ་འདིའི་ཚེས་༦ ཉིན་ལྷོ་ཀོ་རེ་ཡའི་དམག་དོན་ཚན་པས་བརྗོད་དོན་ལ། བྱང་ཀོ་རེ་ཡས་མེ་ཤུགས་འཕུར་མདའི་ཚོད་ལྟ་ལ་ཡ་ལན་སློག་ཆེད། ཨ་རི་དང་ལྷོ་ཀོ་རེ་ཡི་གཉིས་མཉམ་འབྲེལ་ཐོག་རྒྱང་ཐག་ཧ་ཅང་རིང་པོར་འཕུར་ཐུབ་པའི་མེ་ཤུགས་འཕུར་མདའ་བརྒྱད་རེས་གཟའ་ཟླ་བའི་ཞོགས་པ་ཆུ་ཚོད་༤།༣༠ ཐོག་བར་སྣང་དུ་བཏང་ཡོད་འདུག
ཟླ་འདིའི་ཚེས་༦ ཉིན་ལྷོ་ཀོ་རེ་ཡའི་དམག་དོན་ཚན་པས་བརྗོད་དོན་ལ། བྱང་ཀོ་རེ་ཡས་མེ་ཤུགས་འཕུར་མདའི་ཚོད་ལྟ་ལ་ཡ་ལན་སློག་ཆེད། ཨ་རི་དང་ལྷོ་ཀོ་རེ་ཡི་གཉིས་མཉམ་འབྲེལ་ཐོག་རྒྱང་ཐག་ཧ་ཅང་རིང་པོར་འཕུར་ཐུབ་པའི་མེ་ཤུགས་འཕུར་མདའ་བརྒྱད་རེས་གཟའ་ཟླ་བའི་ཞོགས་པ་ཆུ་ཚོད་༤།༣༠ ཐོག་བར་སྣང་དུ་བཏང་ཡོད་འདུག
ལྷོ་ཀོ་རེ་ཡའི་ནང་དུ་བརྟེན་གཞི་བྱས་པའི་ཡུན་ཧབ་(Yonhap) གསར་ཁང་གིས་གནས་ཚུལ་སྤེལ་བའི་ནང་། ཨ་རི་དང་ལྷོ་ཀོ་རེ་ཡ་གཉིས་མཉམ་འབྲེལ་ཐོག་རྒྱང་ཐག་ཧ་ཅང་རིང་པོར་འཕུར་ཐུབ་པའི་མེ་ཤུགས་འཕུར་མདའི་ཚོད་ལྟ་བྱས་པ་དེ་ནི་བྱང་ཀོ་རེ་ཡ་ལ་རྣམ་འགྱུར་གསལ་སྟོན་བྱེད་ཆེད་ཡིན་པ་མ་ཟད། ལྷོ་ཀོ་རེ་ཡའི་ངོས་ནས་རང་ཉིད་ཀྱི་རྒྱལ་སྲུང་ཆེད་བྱང་ཀོ་རེ་ཡར་ཁ་གཏད་གཅོག་རྒྱུའི་གྲ་སྒྲིག་ཨང་སར་ཡོད་པའི་བརྡ་ལན་སྤྲོད་བཞིན་ཡོད་པ་རེད། དེ་ཡང་རེས་གཟའ་ཉི་མའི་ཉིན་ལྷོ་ཀོ་ར་ཡི་མཚོ་ཁག་དུ་ཨ་ལྷོ་གཉིས་ཀྱི་དམག་དོན་སྦྱོང་བརྡར་བྱས་པའི་རྗེས། བྱང་ཀོ་རོ་ཡི་ཕྱོགས་ནས་རྒྱང་ཐག་ཐུང་ངུར་འཕུར་བསྐྱོད་ཐུབ་པའི་མེ་ཤུགས་འཕུར་མདའ་བརྒྱད་ཤར་ཕྱོགས་མཚོ་ཁར་བཏང་བ་དེར་ཡ་ལན་སློག་བཞིན་ཡོད་པ་བརྗོད་འདུག
དེ་ཡང་ལྷོ་ཀོ་རེ་ཡའི་དམག་དོན་ཚན་པས་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། ལྷོ་ཀོ་རེ་ཡའི་ངོས་ནས་བྱང་ཀོ་རི་ཡའི་བྱ་སྤྱོད་དེར་མཐའ་ཅིག་ཏུ་དགག་པ་བྱེད་བཞིན་ཡོད་པ་མ་ཟད། བྱང་ཀོ་རེ་ཡི་ཕྱོགས་ནས་ཉེ་བའི་གླིང་ཕྲན་ནང་དུ་མེ་ཤུགས་འཕུར་མདའ་གཏོང་བཞིན་པ་དེ་ནི་ཕྱོགས་གཉིས་བར་ལ་དམག་འཁྲུག་སློང་གཞི་བཟོ་བཞིན་ཡོད་པས། བྱང་ཀོ་རེ་ཡའི་ཕྱོགས་ནས་འཕྲལ་དུ་མཚམས་འཇོག་བྱེད་དགོས་བརྗོད་ཡོད་འདུག
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱང་ཀོ་རེ་ཡ་ལ་དཔལ་འབྱོར་ཉེས་ཆད་བཏང་བར་འཁོན་ལན་སློག་བྱེད་དུ་ལོ་དེའི་ནང་དུ་བྱང་ཀོ་རེ་ཡས་གོ་མཚོན་ལས་གཞི་ལྡབ་འགྱུར་གྱི་རིམ་པ་སྤར་བཞིན་ཡོད་འདུག
དེ་བཞིན་ལྷོ་ཀོ་རེ་ཡའི་གཞུང་འབྲེལ་མི་སྣ་དང་དཔྱད་ཞིབ་པ་ཁག་ཅིག་གིས་བྱང་ཀོ་རེ་ཡར་རྡུལ་ཕྲན་ཚོད་ལྟ་བྱེད་རྒྱུའི་གོམ་སྟབས་གསར་པ་གྲ་སྒྲིག་བྱེད་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་པ་མ་ཟད། གསར་དུ་བདམ་ཐོན་བྱུང་བའི་ལྷོ་ཀོ་རེ་ཡའི་སྲིད་འཛིན་ཡུན་སོག་ཡོལ་(Yoon Suk-yeol) གྱིས་བྱང་ཀོ་རེ་ཡའི་འཁྲུག་རྐྱེན་སློང་གཞི་བྱ་སྤྱོད་དེར་མཐས་ཅིག་ཏུ་ཁ་གཏད་གཅོག་རྒྱུ་ཡིན་པ་ཁས་ལེན་བྱས་ཡོད་འདུག
དེ་ཡང་ཨ་རིའི་སྲིད་འཛིན་བྷ་ཌན་གྱིས་ཟླ་སྔོན་མར་ཨེ་ཤི་ཡར་འཚམས་གཟིགས་གྲུབ་པའི་རྗེས། བྱང་ཀོ་རེ་ཡ་ཕྱོགས་ནས་མེ་ཤུགས་འཕུར་མདའ་གསུམ་བར་སྣང་དུ་བཏང་ཡོད་པ་མ་ཟད། དེའི་ནང་ནས་རྒྱང་ཐག་རིང་པོར་འཕུར་བསྐྱོད་ཐུབ་པའི་མེ་ཤུགས་འཕུར་མདའ་ཆེ་ཤོས་(Hwasong-17) ཡང་ཚུད་ཡོད་འདུག
ད་བཞིན་བྱང་ཀོ་རེ་ཡི་བྱ་སྤྱོད་དེའི་རྐྱེན་པས། ཝ་ཤིན་ཌོན་དང་ལྷོ་ཀོ་རེ་ཡའི་གཞུང་འབྲེལ་ཁག་གིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་སུ་བྱང་ཀོ་རེ་ཡ་ལ་དཔལ་འབྱོར་ཉེས་ཆད་གཏོང་དགོས་པའི་གྲོས་དོན་བྱས་ཀྱང་། རྒྱ་ནག་དང་ཨུ་རུ་སུའི་ངོས་ནས་གྲོས་དོན་དེར་དགག་བྱ་བྱས་པའི་རྐྱེན་གྱིས་ལམ་ལྷོང་བྱུང་མི་འདུག །
གསར་འགོད་པ། ཆོས་གྲགས།