ཨ་རི་ནས་གསང་མྱུལ་བའི་དོགས་གཞི་འོག་འཛིན་བཟུང་བྱས་པའི་བོད་མི་དེའི་ཐོག་གི་ཉེས་འཛུགས་རྣམས་ཕྱིར་འཐེན་བྱས་འདུག
ཨ་རིའི་གཞུང་གི་ཁྲིམས་རྩོད་པས་འགྲེལ་བཤད་གསལ་པོ་གང་ཡང་མ་སྤྲད་པར། དེ་སྔོན་ཨ་རིར་བོད་མི་རྣམས་ཀྱི་ཐོག་ཏུ་རྒྱ་ནག་གི་གསང་མྱུལ་ལས་དོན་སྤེལ་བའི་དོགས་གཞི་འོག་འཛིན་བཟུང་བྱུང་བའི་བོད་མི་པད་མ་རྡོ་རྗེ་ངག་དབང་ཐོག་གི་ཉེས་འཛུགས་རྣམས་ཕྱིར་འཐེན་བྱས་པའི་གནས་ཚུལ་ཐོན་འདུག
ཉེ་ཆར་ཟླ་༡ པོའི་ཚེས་༡༥ ཉིན་ཨ་རིའི་ནིའུ་ཡོག་གི་གཞུང་གི་ཁྲིམས་རྩོད་པས། ཁྲིམས་དཔོན་གྱི་མདུན་དུ་དེ་སྔོན་ཕྱི་ལོ་༢༠༢༠ ལོར་རྒྱ་ནག་གི་གསང་མྱུལ་གྱི་དོགས་གཞིའི་འོག་འཛིན་བཟུང་བྱས་པའི་བོད་མི་པད་མ་རྡོ་རྗེ་ངག་དབང་དང་འབྲེལ་ནས་ཁ་གསལ་མེད་པའི་ཁྲིམས་ཀྱི་ཡིག་ཆ་ཞིག་ཡར་སྤྲད་ནས། ཁོ་ཚོར་བོད་མི་དེའི་ཐོག་གི་ཉེས་འཛུགས་དང་འབྲེལ་བའི་གནས་ཚུལ་སྣོན་མ་ཁག་ཅིག་ལག་སོན་བྱུང་བ་དང་། དེའི་ནང་གི་དཔང་རྟགས་རྣམས་ལ་ཞིབ་འཇུག་བྱས་རྗེས། ཉེས་འཛུགས་རྣམས་ཕྱིར་འཐེན་དགོས་པའི་རེ་སྐུལ་ཞུ་ཡི་ཡོད་ཅེས་འཁོད་པ་ལས། གནས་ཚུལ་ཞིབ་ཕྲ་གང་ཡང་འཁོད་མེད་པ་རེད་འདུག
དེ་སྔོན་ཕྱི་ལོ་༢༠༢༠ ལོར་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་ཉེན་རྟོག་པའི་ལས་ཀ་བྱེད་མཁན་རྒྱ་ནག་གི་གསང་མྱུལ་བ་ཡིན་པའི་དོགས་གཞིའི་འོག་འཛིན་བཟུང་བྱས་པའི་གནས་ཚུལ་ཐོན་ཡོད་པ་དང་། དེ་ཡང་ལོ་ན་༣༣ ལ་སོན་པའི་པདྨ་དར་རྒྱས་ངག་དབང་ཟེར་བ་དེས། ཕྱི་ལོ་༢༠༡༤ ནས་བཟུང་སྟེ་གྲོང་ཁྱེར་དེ་གའི་བོད་མི་ཚོའི་འགྲོ་འདུག་སྤྱོད་གསུམ་ལ་མྱུལ་ཞིབ་བྱས་ཏེ་རྒྱ་ནག་གི་དོན་གཅོད་ཁང་ལ་གནས་ཚུལ་རྩིས་སྤྲོད་བྱས་ཡོད་པ། ཕྱི་ལོ་༢༠༡༨ ལོ་ནས་བཟུང་། ཁོས་“སྦྱིན་བདག་ལགས་”ཞེས་པའི་རྒྱ་ནག་གི་དོན་གཅོད་ཁང་གི་ལས་བྱེད་གཅིག་དང་རྒྱུན་དུ་འབྲེལ་བ་བྱས་འདུག་པ་དང་། དོན་གཅོད་ཀྱི་ལས་བྱེད་དེ་ནི་འཐབ་ཕྱོགས་གཅིག་འགྱུར་ཁང་གི་མི་སྣ་ཞིག་ཡིན་འདུག
སྐབས་དེར་ཨ་རིའི་གཞུང་ནས་བཏོན་པའི་གནས་ཚུལ་ལྟར་ན། པདྨ་དར་རྒྱས་ངག་དབང་གི་ཕ་ཡུལ་བོད་རང་སྐྱོང་ལྗོངས་ནས་ཡིན་པ་དང་། ཁོའི་ཕ་མ་གཉིས་ཀ་རྒྱ་ནག་གཞུང་གི་ལས་བྱེད་བགྲེས་ཡོལ་ཞུས་པ་ཞིག་ཡིན་པའི་ཁར། ཁོའི་སྤུན་མཆེད་གཅིག་ཀྱང་རྒྱ་ནག་གི་དམག་མི་ཡིན་འདུག འོན་ཀྱང་། ཁོ་བོད་རང་སྐྱོང་ལྗོངས་ཀྱི་ས་ཆ་གང་ནས་ཡིན་པ་དང་། ཕ་མ་དང་སྤུན་མཆེད་ཀྱི་མིང་ཅི་ཡིན་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་རྣམས་གསལ་ཁ་མི་འདུག ཁག་ཅིག་ལ་ཁོ་རང་བོད་རྒྱ་རོང་ནས་ཡིན་སྐོར་ཡང་འགྲེལ་བརྗོད་བྱས་ཡོད་སྐོར་འདུག་ལ། འཇུ་བཟུང་བྱས་པའི་མི་དེ་ནི་བོད་མི་ཞིག་ཡིན་མིན་ལ་དོགས་གཞི་ཡོད་པས། རྒྱ་རིགས་བོད་མི་ལ་བརྫུས་ནས་ཡོང་བ་ཞིག་ཡིན་མིན་ལ་གླེང་སློང་བྱེད་བཞིན་ཡོད་ནའང་། ད་ལྟའི་བར་ཁ་གསལ་ཆགས་མི་འདུག འབྲེལ་ཡོད་ཁྲིམས་ཁང་གི་ཡིག་ཆའི་ནང་། པདྨ་དར་རྒྱས་ངག་དབང་རིག་གཞུང་བརྗེ་རེས་ཀྱི་ཐོངས་མཆན་ཐོག་ནས་ཨ་རིར་འབྱོར་འདུག་པ་དང་། ཁོའི་ཐོངས་མཆན་རྫོགས་རྗེས་“ཁོ་བོད་པ་ཡིན་པའི་རྒྱུ་མཚན་གྱིས་”རྒྱ་ནག་ཏུ་འཛིན་བཟུང་དང་མནར་གཅོད་མྱངས་བྱུང་ཚུལ་བཤད་དེ་སྐྱབས་བཅོལ་ཞུས་པའི་ཐོག ཨ་རིའི་དམག་ཏུ་ཞུགས་ནས་ཨེ་རག་(Iraq) ལ་ཐེངས་གཅིག་དང་། ཨ་ཧྥི་གྷ་ནི་སི་ཐན་(Afghanistan) ལ་ཐེངས་གཉིས་ཕྱིན་པའི་མཐར། ནིའུ་ཡོག་ཉེན་རྟོག་ལས་ཁུངས་སུ་ཉེན་རྟོག་པའི་ལས་དོན་སྒྲུབ་ཀྱི་ཡོད་འདུག
ཕྱིས་སུ་བོད་མི་པད་མ་རྡོ་རྗེ་ངག་དབང་གིས་ཁྲིམས་ཁང་དུ། རྒྱ་ནག་གི་གསང་མྱུལ་བ་ཡིན་པའི་ནག་ཉེས་ལ་ངོས་ལེན་བྱས་མེད་འདུག ཐེངས་འདིར་གཞུང་གི་ཁྲིམས་རྩོད་པས་ཁོའི་ཐོག་གི་ཉེས་འཛུགས་རྣམས་ཕྱིར་འཐེན་བྱས་པ་དང་འབྲེལ་ནས། ཁོའི་ཁྲིམས་རྩོད་པས་བརྒྱུད་ལམ་ཁག་ཏུ་བརྗོད་དོན་ལ། ད་ལྟའི་ཆར་གཞུང་གི་ཁྲིམས་རྩོད་པ་ཚོས་ཉེས་འཛུགས་དེ་དག་ཁྲིམས་མཐུན་ཡིན་པའི་རྣམ་པ་སྟོན་ཆེད་དུ། གསང་བའི་གནས་ཚུལ་གྱི་ཁྲིམས་ཞེས་པའི་རྒྱབ་ཏུ་ཡིབ་ནས། ཉེས་འཛུགས་ཕྱིར་འཐེན་བྱེད་པའི་རྒྱུ་མཚན་གསལ་བཤད་བྱེད་ཀྱི་མེད་པ་རེད། ཉེས་འཛུགས་དེ་དག་ནི་ཁྲིམས་མཐུན་མིན་པ། པད་མ་རྡོ་རྗེ་ངག་དབང་ནི་ཨ་རིའི་མི་སེར་རླབས་ཆེན་ཞིག་ཡིན་ཁར། ཁོས་རྒྱལ་ཁབ་ཀྱི་ཆེད་དུ་དམག་ལ་ཞུགས་ཡོད་ཀྱང་། གཞུང་གིས་ཁོ་ལ་ཏ་ལི་བྷན་དྲག་སྤྱོད་པའི་འགོ་ཁྲིད་ལྟ་བུར་ལྟ་ཚུལ་བཟུང་ཡོད་སྐོར་བརྗོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།