ཨ་རིའི་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཆེད་མུ་མཐུད་རྒྱབ་སྐྱོར་གནང་རྒྱུ་ཡིན་པར་བརྗོད།
ཨ་རིའི་གཞུང་ཚབ་ཆེན་མོ་བོད་ཀྱི་རིག་གཞུང་འཁྲབ་སྟོན་གྱི་མཛད་སྒོའི་སྐུ་མགྲོན་དུ་ཕེབས་ནས་ཨ་རིའི་གཞུང་གིས་བོད་དོན་ལ་རྒྱབ་སྐྱོར་མུ་མཐུད་གནང་རྒྱུ་ནན་བརྗོད་གནང་ཡོད་འདུག
ཟླ་འདིའི་ཚེས་༣ ཉིན་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་དང་། འཚེ་མེད་ཞི་བའི་ཐེབས་རྩ་ཁང་(Foundation for Non-violent Alternatives)། བོད་ཀྱི་ཐེབས་རྩ། ཨ་རིའི་རོགས་ཚོགས་བཅས་མཉམ་རུབ་ཀྱི་གོ་སྒྲིག་འོག རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་གར་རྒྱལ་སྤྱིའི་ལྟེ་གནས་ཁང་ (India International Centre) ་དུ་བོད་ཀྱི་ཁྱད་ནོར། བྱམས་སྙིང་རྗེ་དང་རིག་གཞུང་ཞེས་པའི་དུས་སྟོན་སྲུང་བརྩི་གནང་ཡོད་འདུག་པ་དང་། ཕྱི་དྲོ་བོད་ཀྱི་རིག་གཞུང་འཁྲབ་སྟོན་གྱི་མཛད་སྒོའི་ཐོག་རྒྱ་གར་གནས་འཁོད་ཨ་རིའི་གཞུང་ཚབ་ཆེན་མོ་ཨེ་རིག་གྷར་སིཊ་ཊི་(Eric Garcetti) སྐུ་མགྲོན་གཙོ་བོར་གདན་འདྲེན་ཞུས་པ་ལྟར་ཕེབས་ནས་མང་ཚོགས་ལ་ཨ་རིའི་གཞུང་ནས་བོད་དོན་ལ་རྒྱབ་སྐྱོར་མུ་མཐུད་གནང་རྒྱུ་ཡིན་པའི་གསུང་བཤད་གནང་འདུག
སྐུ་མགྲོན་གཙོ་བོས་ཨ་རིའི་གཞུང་ནས་བོད་ཀྱི་རིག་གཞུང་ཙམ་མ་ཡིན་པར། བོད་ཀྱི་རིག་གཞུང་གིས་མཚོན་པའི་ཞི་བདེ་དང་། སྙིང་རྗེ་ལྟ་བུའི་རིན་ཐང་རྣམས་ལ་ངོས་འཛིན་དང་དེ་དག་སྲུང་སྐྱོབ་སླད་རྒྱབ་སྐྱོར་གནང་གི་ཡོད་པ་གསལ་སྟོན་དང་སྦྲགས། རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་དང་སྲོལ་རྒྱུན་རྣམས་རྩ་མེད་དུ་གཏོང་རྒྱུའི་འབད་བརྩོན་ལ་སྐྱོན་བརྗོད་གནང་ཡོད་འདུག། དེ་བཞིན་ཁོང་གིས། ང་ཚོ་མཉམ་རུབ་ཀྱིས་གཅིག་ཏུ་བསྒྲིལ་ན། ཆོས་དང་རིག་གཞུང། སྐད་ཡིག་དང་བཅས་པ་རྩ་མེད་དུ་གཏོང་མི་ཐུབ། དེར་ཨ་རིའི་གཞུང་གིས་རྒྱབ་སྐྱོར་བྱ་ངེས་རེད་ཅེས་དང་།
དེ་བཞིན་ཁོང་གིས་ ༸གོང་ས་མཆོག་གི་དབུ་ཁྲིད་ལམ་སྟོན་ལ་བསྔགས་བརྗོད་གནང་སྟེ། དེ་ནི་འཛམ་གླིང་ཡོངས་ལ་བློ་སྤོབས་དང་སྙིང་སྟོབས་ཀྱི་འབྱུང་ཁུངས་ཤིག་ཡིན་པར་གསུངས་པ་མ་ཟད། བོད་མི་རྣམས་འཛམ་གླིང་ཡོངས་སུ་གྲམ་ཡོད་པས། གཅིག་སྒྲིལ་རྒྱུན་འཛིན་བྱ་རྒྱུའི་དཀའ་ངལ་ཡོད་ནའང་། ཕན་ཚུན་འབྲེལ་གཏུག་གིས་བོད་མི་རྣམས་གཅིག་ཏུ་བསྒྲིལ་རྒྱུ་གལ་ཆེན་པོ་ཡིན་པ། ཨ་རིའི་གཞུང་གིས་རྒྱ་གར་གྱི་གྲོགས་པོ་དང་མཉམ་ལས་པ་ཚོ་དང་ལྷན་དུ་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་དང་གོང་འཕེལ་གཏོང་ཆེད་རྒྱབ་སྐྱོར་མུ་མཐུད་གནང་རྒྱུ་ཡིན་པ་དང་། ད་ཐེངས་ཀྱི་དུས་སྟོན་དེ་དཔེ་མཚོན་ཞིག་ཡིན་པའི་གསུང་བཤད་གནང་ཡོད་འདུག
ཐེངས་འདིའི་དུས་སྟོན་ཉིན་གྲངས་གསུམ་གྱི་རིང་། དཔེ་དེབ་དང་། ལེགས་སྦྱང་དང་འབྲེལ་བའི་ཅ་དངོས་འགྲེམས་སྟོན། བོད་ཟས་འགྲེམས་ཚོང་། རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་རྒྱུ། རིག་གཞུང་འཁྲབ་སྟོན། བོད་ཀྱི་གནའ་རབས་ལོ་རྒྱུས་དང་ཆབ་སྲིད་བཅས་ཀྱི་གནད་དོན་འདྲ་མིན་ཐོག་མཁས་པའི་གསུང་བཤད་དང་བགྲོ་གླེང་། དེ་བཞིན་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་ནས་གསོ་བ་རིག་པ་དང་སྐར་རྩིས་ངོ་སྤྲོད་དང་བརྟག་དཔྱད། བོད་གནད་དང་འབྲེལ་བའི་བརྙན་གཟིགས་འབུལ་ཞུ་བཞིན་ཡོད་པ་བཅས་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་རྒྱའི་ཐོག་བཀོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།