ཨ་རིའི་གྲོས་ཚོགས་ཀྱིས་ཧྥིན་ལན་ཌ་དང་སཱེ་ཝི་ཌན་གཉིས་བྱང་ཆིངས་སྒྲིག་འཛུགས་ནང་འཛུལ་རྒྱུར་རྒྱབ་སྐྱོར་བྱས་འདུག
ཨུ་རུ་སུའི་དགག་བྱ་དང་སྡིགས་སྐུལ་ལ་སྣང་མེད་བཏང་ནས། ཧྥིན་ལན་ཌ་དང་སཱེ་ཝི་ཌན་གཉིས་ཀྱིས་ཨ་རིས་འགོ་ཁྲིད་པའི་བྱང་ཆིངས་སྒྲིག་འཛུགས་ཀྱི་ཚོགས་མིར་ཞུགས་རྒྱུ་ཐག་གཅོད་བྱས་པ་ལྟར། ཨ་རིའི་གྲོས་ཚོགས་ཀྱིས་རྒྱལ་ཁབ་དེ་གཉིས་ཀྱི་ཚོགས་ཞུགས་ལ་ཤུགས་ཆེན་པོའི་ཐོག་ནས་མང་མོས་རྒྱབ་སྐྱོར་བྱས་ཡོད་པ་རེེད་འདུག
ཟླ་༨ པའི་ཚེས་༣ ཉིན་ཨ་རིའི་གྲོས་ཚོགས་གོང་མའི་ནང་དུ། ཨ་རིས་འགོ་ཁྲིད་བྱང་ཆིངས་སྒྲིག་འཛུགས་ཀྱི་ཚོགས་མིའི་ཁོངས་སུ། ཡུ་རོབ་ཀྱི་རྒྱལ་ཁབ་ཧྥིན་ལན་ཌ་དང་སཱེ་ཝི་ཌན་གཉིས་ཞུགས་པར་རྒྱབ་སྐྱོར་བྱེད་དགོས་མིན་གྱི་བགྲོ་གླེང་དང་འོས་བསྡུ་བྱས་ཡོད་པ་རེད་འདུག འོས་བསྡུའི་གྲུབ་དོན་དུ་གྲོས་ཚོགས་འཐུས་མི་༩༥ ཡིས་རྒྱབ་སྐྱོར་བྱས་འདུག་པ་དང་། གྲོས་ཚོགས་འཐུས་མི་༡ གིས་དགག་བྱ་བྱས་འདུག དེ་བཞིན་གྲོས་ཚོགས་འཐུས་མི་གཅིག་གིས་འོས་ཤོག་འཕངས་མེད་འདུག འོས་བསྡུའི་གྲུབ་དོན་ལ་བརྟེན་ནས་རྒྱལ་ཁབ་དེ་གཉིས་ཀྱི་ཚོགས་ཞུགས་ལས་དོན་ལ་ཨ་རིའི་གྲོས་ཚོགས་ནས་རྒྱབ་སྐྱོར་ཐོབ་ཟིན་འདུག
སྤྱིར་བཏང་བྱང་ཆིངས་སྒྲིག་འཛུགས་ཀྱི་ཚོགས་མིར་ཞུགས་པར་ཚོགས་མི་རྒྱལ་ཁབ་༣༠ ཚང་མའི་གྲོས་ཚོགས་ཀྱིས་རྒྱབ་སྐྱོར་ཐོབ་དགོས་ཀྱི་ཡོད་འདུག་པས། ད་ལྟའི་ཆར་ཧྥིན་ལན་ཌ་དང་སཱེ་ཝི་ཌན་གཉིས་ཀྱི་ཚོགས་ཞུགས་ལས་དོན་ལ་ཚོགས་མི་རྒྱལ་ཁབ་གྲངས་ཕྱེད་ཀ་ལས་མང་བའི་གྲོས་ཚོགས་ཀྱིས་རྒྱབ་སྐྱོར་བྱས་ཟིན་ཡོད་པ་རེད་འདུག
དེ་ཡང་བྱང་ཆིང་སྒྲིག་འཛུགས་ཀྱི་ཚོགས་མི་རྒྱལ་ཁབ་ཁག་གི་ཁོངས་ནས་ཚོགས་མི་གཅིག་ལ་རྒྱལ་ཁབ་གཞན་གྱིས་དྲག་རྒོལ་བྱས་ཚེ། ཚོགས་མི་ཚང་མར་དྲག་རྒོལ་བྱས་པ་གཅིག་མཚུངས་ཡིན་པར་ངོས་འཛིན་བྱེད་དགོས་པའི་གྲོས་མཐུན་ཡོད་འདུག་པས། སྒྲིག་འཛུགས་འདིའི་ནང་འཛུལ་ཚེ་རྒྱལ་ཁབ་ཀྱི་བདེ་སྲུང་ལ་ཁེ་ཕན་ཡོད་པར་ངོས་འཛིན་བྱེད་མཁན་མང་པོ་ཡོད་འདུག་ཀྱང་། ཨུ་རུ་སུས་སྒྲིག་འཛུགས་དེའི་ཤུགས་རྐྱེན་རང་ཉིད་ཀྱི་ས་མཚམས་སུ་སླེབས་བཞིན་པ་དེ་ནི། ཨུ་རུ་སུའི་བདེ་སྲུང་ལ་ཉེན་ཚབས་ཡོད་སྐོར་བརྗོད་ནས། ཁྱིམ་མཚེས་རྒྱལ་ཁབ་ཁག་དང་རྒྱལ་ཁབ་གཞན་སྒྲིག་འཛུགས་དེར་འཛུལ་བར་དགག་བྱ་ཆེན་པོ་བྱེད་ཀྱི་ཡོད་པ་རེད། ཡུག་ཀེ་རན་གྱིས་ཀྱང་སྒྲིག་འཛུགས་དེར་འཛུལ་ཐབས་བྱས་ཡོད་པས། ཨུ་རུ་སུས་དགག་བྱ་ཆེན་པོ་བྱེད་བཞིན་འདུག
དེ་སྔོན་ཡིན་ན་ཧྥིན་ལན་ཌ་དང་། སཱེ་ཝི་ཌན་རྒྱལ་ཁབ་གཉིས་ནི་དམག་དོན་ཐད་བར་གནས་རྒྱལ་ཁབ་ཀྱི་ངོ་བོའི་ཐོག་ནས་བསྡད་ཡོད་ཀྱང་། ཉེ་ཆར་ཨུ་རུ་སུས་ཡུག་ཀེ་རན་ལ་བཙན་འཛུལ་བྱས་པའི་རྗེས་སུ། རྒྱལ་ཁབ་དེ་གཉིས་ཀྱིས་རྒྱལ་ཁབ་ཀྱི་བདེ་སྲུང་ཆེད་དུ་ཡིན་སྐོར་བརྗོད་ནས། ཨུ་རུ་སུས་དགག་བྱ་དང་སྡིགས་སྐུལ་ཐེངས་མང་བྱས་ཀྱང་། བྱང་ཆིངས་སྒྲིག་འཛུགས་ཀྱི་ཚོགས་མིར་ཞུགས་རྒྱུའི་ཐག་གཅོད་བྱས་ཏེ། ཟླ་༥ པའི་ཚེས་༡༨ ཉིན་ཚོགས་མིར་ཞུགས་རྒྱུའི་སྙན་ཞུ་དངོས་སུ་སྤྲད་ཡོད་པ་རེད། སྐབས་དེར་ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་ཨ་རིའི་སྲིད་འཛིན་རྗོ་བྷའེ་ཌན་གྱིས། ཧྥིན་ལན་ཌའི་སྲིད་འཛིན་དང་། སཱེ་ཝི་ཌན་གྱི་སྲིད་བློན་གཉིས་དང་ཐུག་འཕྲད་བྱས་ཏེ། རྒྱལ་ཁབ་དེ་གཉིས་བྱང་ཆིངས་སྒྲིག་འཛུགས་ཀྱི་ཚོགས་མིར་ཞུགས་པའི་ཆ་རྐྱེན་ཆ་ཚང་ལྡན་ཡོད་པས། ཨ་རིས་རྒྱལ་ཁབ་དེ་གཉིས་ལ་རྒྱབ་སྐྱོར་ཆ་ཚང་ཞུ་ཡི་ཡོད་པ་དང་། ཡུ་རོབ་ཁུལ་དུ་བྱང་ཆིངས་སྒྲིག་འཛུགས་ཀྱི་ཚོགས་མི་གསར་པ་གཉིས་ཡོད་པ་དེས། མཐུན་ཕྱོགས་ཀྱི་བདེ་འཇགས་གོང་འཕེལ་དང་མཉམ་ལས་ཀྱང་གཏིང་ཟབ་ཏུ་འགྲོ་རྒྱུ་ཡིན་སྐོར་བརྗོད་འདུག
ཐེངས་འདིར་ཨ་རིའི་གྲོས་ཚོགས་གོང་མའི་ནང་དུ་ཧྥིན་ལན་ཌ་དང་སཱེ་ཝི་ཌན་གཉིས་ཀྱི་ཚོགས་ཞུགས་ལ་དགག་བྱ་བྱེད་མཁན་ནི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་རྗོ་ཤེ་ཧོ་ལཱི་ཡིན་པ་དང་། ཁོང་གིས་དེ་སྔོན་ལས་དོན་དེར་རྒྱབ་སྐྱོར་བྱེད་ཀྱི་མེད་པའི་རྒྱུ་མཚན་ཐོག་གསར་ཤོག་གཅིག་ཏུ་རྩོམ་ཡིག་གཅིག་སྤེལ་འདུག་པ་དང་། དེའི་ནང་དུ་ཁོང་གིས་ཨ་རིའི་ཁ་གཏད་གཙོ་བོ་ནི་ཡུ་རོབ་ནང་དུ་མེད་ཁར། ཁ་གཏད་གཙོ་བོ་ནི་ཨེ་ཤི་ཡ་ནང་དུ་ཡོད་པ་དང་དེ་ནི་རྒྱ་ནག་ཡིན་པ། ཨ་རིའི་མི་མང་ཚོས་ཤེས་དགོས་པ་ཞིག་ལ། རྒྱ་ནག་གི་རྒྱ་བསྐྱེད་རིང་ལུགས་འགོག་རྒོལ་བྱེད་པར་ཨ་རི་ལ་གྲ་སྒྲིག་མེད་སྐོར་བརྗོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།