ཨ་རིའི་གྲོས་ཚོགས་གོང་མའི་སྐུ་ཚབ་འཐུས་མི་ཁག་ཅིག་ཐེ་ཝན་དུ་གཟིགས་སྐོར།

ཟླ་འདིའི་ཚེས་ ༡༤ ཉིན་ཨ་རིའི་དམངས་གཙོ་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཨེ་འོག་ཌི་མར་ཀིས་ (Edward Markey) མཆོག་གིས་སྣེ་ཁྲིད་པའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་ཞིག་ཐེ་ཝན་ནང་དུ་ཉིན་གཉིས་ཀྱི་རིང་གཟིགས་སྐོར་རུ་ཕེབས་ཡོད་འདུག

དེ་རིང་ཐའེ་པེ་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་དམངས་གཙོ་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཨེ་འོག་ཌི་མར་ཀིས་གཙོས་པའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་ཞིག་ཐེ་ཝན་དུ་ཉིན་གཉིས་ཀྱི་རིང་ལ་གཟིགས་སྐོར་རུ་ཕེབས་ཡོད་སྐོར་བརྗོད་ཡོད་པ་མ་ཟད། གཞན་ཡང་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནེན་སི་པེ་ལོ་སི་མཆོག་གཙོས་པའི་གྲོས་ཚོགས་འོག་མིའི་སྐུ་ཚབ་ཚོགས་ཆུང་རྣམས་ཐེ་ཝན་ལ་གཟིགས་སྐོར་བསྒྲུབས་པའི་རྗེས། རྒྱ་ནག་གིས་ཐེ་ཝན་མཚོ་ཁའི་ཉེ་འགྲམ་དུ་ཉིན་༤ བསྟུད་མར་མེ་སྒྱོགས་དང་མེ་ཤུགས་འཕུར་མདའ་སོགས་འཕངས་ནས་དམག་སྦྱོང་བྱས་པ་ནས་བཟུང་ཕྱོགས་གཉིས་ཀྱི་གནས་སྟངས་ཛ་དྲག་འགྱུར་བཞིན་པའི་དུས་སྐབས་དེར་། ཨ་རིའི་ཆེས་མཐོའི་མཐོ་རིམ་དཔོན་རིགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་ཐེ་ཝན་ནང་དུ་གཟིགས་སྐོར་རུ་ཕེབས་མཁན་ཐེངས་གཉིས་པ་ཆགས་ཡོད་སྐོར་བརྗོད་ཡོད་འདུག

གཞན་ཡང་ཐེ་ཝན་ནང་དུ་གནས་སྡོད་ཨ་རིའི་གཞུང་ཚབ་ཁང་གིས་འགྲེལ་བརྗོད་གནང་དོན་ལ། ཐེངས་འདིའི་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཨེ་འོག་ཌི་མར་ཀིས་ (Edward Markey) ཀྱིས་སྣེ་འཁྲིད་པའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་སྐུ་ཞབས་ཇོན་ (John Garamendi) དང་། ཨེ་ལན་ལོ་ཝན་ཐལ་ (Alan Lowenthal)། ཌོན་བེ་ཡར་(Don Beyer)། རེ་ཌི་ཝེ་གྷན་(Aumua Amata Coleman Radewagen) བཅས་ཀྱི་རྒྱ་གར་རྒྱ་མཚོའི་ས་ཁུལ་ཁག་ཅིག་ཏུ་གཟིགས་སྐོར་རུ་ཕེབས་རྒྱུ་ཡིན་པ་མ་ཟད། དེ་བཞིན་ཨ་རིའི་སྐུ་ཚབ་ཚོགས་ཆུང་གིས་ཐེ་ཝན་གྱི་མཐོ་རིམ་འགོ་ཁྲིད་དང་ཐུག་འཕྲད་བྱས་ནས་ཨ་རི་དང་ཐེ་ཝན་གྱི་འབྲེལ་ལམ་དང་། ས་ཁུལ་གྱི་བདེ་འཇགས། ཚོང་དོན་དང་མ་འཇོག གནམ་གཤིས་འགྱུར་ལྡོག དེ་བཞིན་ཐུན་མོང་གིས་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཁག་ཅིག་བཅས་ཀྱི་ཐོག་ལ་གྲོས་བསྡུར་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག

དེ་བཞིན་ཐེ་ཝན་ཕྱི་འབྲེལ་བློན་ཆེན་གྱིས་གཏམ་བཤད་སྤེལ་བའི་ནང་། ད་ལྟ་ཐེ་ཝན་དང་རྒྱ་ནག་བར་གྱི་གནས་སྟངས་ཛ་དྲག་ཏུ་འགྲོ་བཞིན་པའི་དུས་སྐབས་དེར། ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་ཁྲིམས་བཟོ་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་གཉིས་པོ་བསྟུད་མར་ཐེ་ཝན་ནང་དུ་གཟིགས་སྐོར་རུ་ཕེབས་པ་དེ་ནི་ཨ་རིས་ཐེ་ཝན་ལ་བློ་བརྟན་འགྱུར་མེད་ཀྱི་རྒྱབ་སྐྱོར་མཚོན་བཞིན་ཡོད་པ་དེར་འཚམས་འདྲི་ཞུ་བཞིན་ཡོད་ཅེས་བརྗོད་ཡོད་འདུག གཞན་ཡང་ཐེ་ཝན་སྲིད་འཛིན་གྱི་མགྲིན་ཚབ་པ་ཀྲང་ཏུན་ཧན་ (張惇涵) གྱིས་ཨ་རིའི་གྲོས་ཚོགས་ཀྱིས་ཐེ་ཝན་ལ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་བཞིན་ཡོད་པ་མ་ཟད། ཐེ་ཝན་མཚོ་འགག་དང་ས་ཁུལ་ཁག་ལ་ཞི་བདེ་བརྟན་ལྷིང་སྲུང་སྐྱོབ་བྱ་རྒྱུའི་ཐད་ཁས་ལེན་བྱས་པ་ལ་སླར་ཡང་འཚམས་འདྲི་ཞུ་བཞིན་ཡོད་སྐོར་བརྗོད་འདུག

ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནེན་སི་པེ་ལོ་སི་མཆོག་ཟླ་ ༨ ཚེས་ ༣ ཉིན་ཐེ་ཝན་ལ་ཆུ་ཚོད་ ༡༩ ཡི་གཟིགས་སྐོར་མཇུག་བསྒྲིལ་ནས་གཟའ་འཁོར་གཉིས་ཀྱང་མ་སོང་བར་ཨ་རིའི་གྲོས་ཚོགས་གོང་མའི་སྐུ་ཚབ་ཚོགས་ཆུང་ཐེ་ཝན་ལ་གཟིགས་སྐོར་ཕེབས་པ་དེ་ནི་ ༡༩༩༧ ལོ་ནས་བཟུང་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཡིས་ཐེ་ཝན་ལ་གཟིགས་སྐོར་བྱས་པ་ཐེངས་དང་པོ་དེ་ཆགས་ཀྱི་ཡོད་འདུག །

 

གསར་འགོད་པ། ཆོས་གྲགས།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།