ཨ་རིའི་གྲོས་ཚོགས་གོང་མའི་ནང་ཨ་རི་གཞུང་གིས་བོད་རྒྱའི་རྩོད་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་གཏན་འབེབས་གནང་བར་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཞིག་འཚོགས་འདུག

བོད་མིའི་སྒྲིག་འཛུགས་ཀྱི་པར།

ཕྱི་ཟླ་༠༧ ཚེས་ ༢༥ ཉིན་བྱང་ཨ་རིའི་སྐུ་ཚབ་དོན་ཁང་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ཟུང་སྦྲེལ་གྱིས་ཨ་རིའི་གྲོས་ཚོགས་གོང་མའི་ཚོགས་ཁང་ཞིག་ཏུ། ཨ་རིའི་གཞུང་གིས་བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་ཡིག་གཏན་འབེབས་གནང་བར་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་འཚོགས་ཡོད་འདུག་པ་དང་། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་། ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་ཟུར་ལྕམ་སྐུ་ནན་སི་པི་ལོ་སི། ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་མ་ཧི་ཀལ་མེ་ཀོལ། ཨ་རིའི་གྲོས་ཚོགས་འཐུས་མི་དང་བོད་དོན་ཁྲིམས་འཆར་འདོན་མཁན་སྐུ་ཞབས་ཇིམ་མེག་གོ་ཧན།  གྲོས་ཚོགས་འཐུས་མི་ཇོ་ཝིལ་སོན། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོ་གཙོས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་ལྷན་ཞུགས་གནང་ཡོད་འདུག
མཛད་སྒོའི་ཐོག་སྲིད་སྐྱོང་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་ཝེལ་ཞི་བདེའི་གཟེངས་རྟགས་དང་། ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་རྟགས་མ་སོགས་འབུལ་བཞེས་མཛད་པའི་སྐབས་མ་གཏོགས། ནམ་རྒྱུན་བོད་མི་རྣམས་ལ་དགའ་སྟོན་སྲུང་བརྩི་ཞུ་རྒྱུའི་དུས་ཚོད་མཚམས་རེ་མ་གཏོགས་ཡོང་གི་མེད་པ་དང་། ད་ལན་བོད་ཀྱི་གནད་དོན་དེ་རྒྱལ་སྤྱིའི་སྡིངས་ཆའི་སྟེང་སླེབས་ཐུབ་པ་དེ་བོད་ནང་གི་བོད་མི་ཚོས་རྒྱ་གཞུང་གི་དྲག་གནོན་འོག་དཀའ་སྡུག་མྱངས་པ་ལ་བརྟེན་ནས་བྱུང་བ་ཡིན་པ།  ཁྲིམས་ཡིག་འདི་ལྟ་བུ་གཏན་འབེབས་གནང་བ་དེས་རྒྱ་ནག་གཞུང་གིས་བོད་ཐོག་བདག་དབང་ཡོད་ཚུལ་འཁྱོག་བཤད་བྱེད་བཞིན་པ་ཡོངས་ལ་ཨ་རི་གཞུང་གིས་གདོང་ལེན་གནང་གི་ཡོད་པས། ཁྲིམས་ཡིག་འདི་གཏན་འབེབས་བྱུང་བ་ནི་བོད་མི་རྣམས་ལ་མཚོན་ན་དགའ་སྟོན་བྱ་འོས་པ་ཞིག་ཡིན་པར་གསུངས་པ་དང་སྦྲགས། ཁྲིམས་ཡིག་འདི་ཐོག་མར་ལྕམ་ནན་སི་པི་ལོ་སིས་གྲོས་ཚོགས་ཀྱི་ཚོགས་གཙོ་གནང་བའི་སྐབས་གྲོས་ཚོགས་སུ་ཐོག་མར་ངོ་སྤྲོད་བྱུང་བ་ཞིག་རེད་འདུག་པས་ཁོང་མོ་ལ་ཐུགས་རྗེ་ཞུས་འདུག
དེ་བཞིན་སྲིད་སྐྱོང་ནས་ཕྱི་ལོ་ ༢༠༢༢ ཟླ་བ་ ༠༤ ནང་ཁོང་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་རི་ཅཊ་གྷེར། བྱང་ཨ་རིའི་སྐུ་ཚབ་དོན་ཁང་དང་རྒྱལ་སྤྱིིའི་བོད་དོན་ལས་འགུལ་ཁང་གི་སྐུ་ཚབ་བཅས་ལྕམ་སྐུ་ནན་སི་པི་ལོ་སོ་མཆོག་གི་ལས་ཁུངས་སུ་གྲོས་ཚོགས་འཐུས་མི་ཇིམ་མེག་གོ་ཧན་ལྷན་ཞུགས་ཐོག་གནད་དོན་གཙོ་བོ་གསུམ་སྐོར་གྲོས་མོལ་བྱུང་ཞིང་། སྐབས་དེ་དུས་ཨ་རིའི་གྲོས་ཚོགས་ནང་དུ་བོད་ཀྱི་ལོ་རྒྱུས་ཀྱི་གནས་བབ་སྐོར་ཉན་ཞིབ་གོ་སྒྲིག་གནང་ཡོད་པ་དང་། ཉན་ཞིབ་དེ་ལ་གཞི་བཅོལ་ནས་གྲོས་ཚོགས་འཐུས་མི་ཇིམ་མེག་གོ་ཧན་དང་། གྲོས་ཚོགས་འཐུས་མི་མ་ཧི་ཀལ་མེག་ཀོལ་གཉིས་ནས་གྲོས་ཚོགས་འོག་མ་དང་། གྲོས་ཚོགས་འཐུས་མི་ཀྲོཊ་ཡོང་དང་། གྲོས་ཚོགས་འཐུས་མི་ཇེབ་མར་ཀི་ལི་གཉིས་ནས་གྲོས་ཚོགས་གོང་མའི་ནང་ཁྲིམས་འཆར་འདི་ངོ་སྤྲོད་གནང་ཞིང་། སྐབས་དེར་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་མཆོག་ནས་ཀྱང་རྒྱབ་སྐྱོར་ཚད་མཐོན་པོ་གནང་བ་དང་།  དེ་བཞིན་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ལྕམ་སྐུ་ནན་སི་པི་ལོ་སི་རྡ་རམ་ས་ལར་ཕེབས་སྐབས་ཁྲིམས་ཡིག་འདི་བོད་མི་རྣམས་ལ་བརྟེན་ནས་གཏན་འབེབས་གནང་ཐུབ་པ་བྱུང་ཡོད་ཅེས་གསུངས་པར་བརྟེན། སྲིད་སྐྱོང་ནས་བྱང་ཨ་རི་གནས་སྡོད་བོད་མི་དང་། བོད་དོན་རྒྱབ་སྐྱོར་བ། བོད་དོན་ཞུ་གཏུག་ལས་འགུལ་བ། གྲོས་ཚོགས་ཀྱི་ལས་བྱེད་རྣམ་པ་སོགས་ཁྲིམས་ཡིག་འདིར་དངོས་ཤུགས་བརྒྱུད་གསུམ་ནས་རྒྱབ་སྐྱོར་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས་འདུག
གཞན་ཡང་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ལྕམ་སྐུ་ནན་སི་པི་ལོ་སི་ཡིས།  སྲིད་སྐྱོང་སྤེན་ཚེ་རིང་གི་དབུ་ཁྲིད་འོག་བོད་དོན་ཞུ་གཏུག་དྲིལ་བསྒྲགས་ཁྱབ་ཆེན་པོ་བྱུང་བ་དང་། ཉེ་ལམ་ཨ་རིའི་རྒྱལ་ཡོངས་མང་གཙོ་ཞབས་ཞུའི་གཟེངས་རྟགས་སྐུ་ཉིད་ལ་ཐོབ་པ་དེ་ལེགས་སྐྱེས་ཤིག་ཡིན་པ། དེ་སྔོན་གྲོས་ཚོགས་ཀྱི་སྲིད་དོན་ཚོགས་པ་ཟུང་སྦྲེལ་གྱི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་རྡ་རམ་ས་ལར་བསྐྱོད་པ་དེ་ལ་བརྟེན་ནས་བོད་མི་རྣམས་ལ་རེ་བ་ཞིག་སྤྲད་ཡོད་སྐོར་སོགས་གསུངས་འདུག
དེ་བཞིན་སྐུ་ཞབས་མ་ཧི་ཀལ་མེག་ཀོལ་གྱིས་ཀྱང་།  དེ་སྔོན་ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་དང་ལྷན་བཞུགས་སྒར་རྡ་རམ་ས་ལར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཐོབ་པ་དེ་སྐལ་པ་བཟང་པོ་དང་རྩ་ཆེན་པོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ཚུལ། དེ་བཞིན་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཇིམ་མེག་གོ་ཧན་ནི་ཁྲིམས་ཡིག་འདིའི་མི་སྣ་གལ་ཆེ་ཤོས་ཤིག་ཡིན་པ། ཁོང་གིས་ཁྲིམས་འཆར་དེ་ཐེངས་དང་པོ་བཏོན་གནང་བ་མ་ཟད། ལོ་ངོ་མང་པོའི་རིང་སྐུ་ལས་བསྐྱོན་ཚུལ་དང་ཁོང་ལ་ཁྲིམས་འཆར་དེ་ཁོང་གིས་ངོ་སྤྲོད་གནང་རྗེས་མཐར་ཨ་རིའི་སྲིད་འཛིན་མཆོག་གི་ཅོག་ཙེར་ཕུལ་ཐུབ་པ་བྱུང་ཚུལ། བོད་རྒྱའི་རྩོད་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་འདིས་རྒྱ་ནག་གཞུང་ལ་བརྡ་ལན་གསལ་པོ་ཞིག་ཡིན་སྐོར་དང་། ཁོང་རྣམ་པས་བོད་ནམ་ཡང་བརྗེད་མེད་པ་སོགས་གསུངས་འདུག 
དེ་རྗེས་སྐུ་ཞབས་ཇིམ་མེག་གོ་ཧན་གྱིས་གསུངས་དོན། སྲིད་སྐྱོང་སྤེན་པ་ཚེ་རིང་གི་དབུ་ཁྲིད་ལམ་སྟོན་ལ་བསྔགས་བརྗོད་དང་། བོད་རྒྱའི་རྩོད་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་དེའི་དམིགས་ཡུལ་གཙོ་བོ་ནི་ཁོང་ཚོའི་ངོས་ནས་བོད་རྒྱའི་རྩོད་རྙོག་དེ་གནད་འགག་ཆེན་པོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་མཚོན་རྒྱུ་དེ་ཡིན་པ་དང་། རྒྱ་ནག་གཞུང་མ་ཟད་རྒྱལ་ཁབ་སུ་འདྲ་ཞིག་ལའང་ལོ་རྒྱུས་ཐོག་ལོག་འགྲེལ་བྱ་རྒྱུའི་ཐོབ་ཐང་མེད་པ། ཁོང་རྣམས་ཚང་མ་ཆབ་སྲིད་ཀྱི་ཚོགས་པ་མི་འདྲ་བ་ནས་ཡིན་ཡང་། བོད་དོན་ཐོག་ལངས་ཕྱོགས་གཅིག་མཚུངས་ཡིན་པ། བོད་དང་བོད་མིར་རྒྱབ་སྐྱོར་བྱ་རྒྱུ་དེ་ང་ཚོ་ཐུན་མོང་གི་ལངས་ཕྱོགས་ཤིག་དང་། ཁོང་རྣམ་པས་མུ་མཐུད་ནས་བོད་པའི་སྤྱི་ཚོགས་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་པར་གསུངས་འདུག
དེ་མིན་གྲོས་ཚོགས་འཐུས་མི་ཇོ་ཝིལ་སོན་གྱིས། ཁོང་ཚོས་བོད་རང་བཙན་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད་པ། དེ་ཡང་ཨ་རིའི་གཞུང་གིས་སོ་བེཊ་(Soviet)དམར་ཤོག་གཞུང་གིས་ཨེསི་ཊོ་ནི་ཡཱ། ལཱཏ་ཝི་ཡཱ། ལི་ཐུ་ནི་ཡཱ་བཙན་འཛུལ་བྱས་ཡོད་ཀྱང་། ཨ་རིའི་གཞུང་གིས་རྒྱལ་ཁབ་དེ་གསུམ་སོ་བཊ་དམར་གཞུང་གི་ཆ་ཤས་ཡིན་པ་ཁས་ལེན་ངོས་འཛིན་མ་བྱས་པར། རྒྱལ་ཁབ་དེ་གསུམ་རང་བཙན་ཡིན་པ་ངོས་འཛིན་བྱས་ཚུལ།  སྐབས་དེར་མི་ཚོས་རྒྱལ་ཁབ་དེ་ཚོར་རང་བཙན་ནམ་ཡང་འཐོབ་ཀྱི་མ་རེད་ཅེས་བཤད་ཡོད་ཀྱང་། ད་ལྟ་རྒྱལ་ཁབ་དེ་གསུམ་ལ་རང་བཙན་ཐོབ་སྟེ་ཡུ་རོབ་མཐུན་ཚོགས་ཀྱི་ཆ་ཤས་སུ་གྱུར་ཡོད་པ་མ་ཟད། ནེ་ཊོ་མཉམ་འབྲེལ་ཚོགས་པའི་ཚོགས་མིའང་ཡིན་ཚུལ་དང་འབྲེལ། བོད་མི་རྣམས་ཀྱིས་ཀྱང་དེ་མཚུངས་རེ་བ་རྒྱག་དགོས་པར་གསུངས་འདུག མཛད་སྒོའི་སྐབས་བོད་མི་རྣམས་ནས་ཨ་རིའི་གཞུང་ལ་ཐུགས་རྗེ་ཆེ་ཞུའི་སྒྲ་འཇུག་བརྙན་ཞིག་ཀྱང་བསྟན་ཡོད་འདུག
དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་ནས་ཕྱི་ཚེས་ ༢༢ ནས་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་དུ་ཕེབས་ཏེ། ཨ་རིའི་ཕྱི་སྲིད་ལྷན་ཁང་དང་། ཨ་རིའི་སྲིད་འཛིན་ལས་ཁུངས་ཕོ་བྲང་དཀར་པོའི་གནད་ཡོད་མི་སྣ་ཁག་གཅིག་དང་མཇལ་འཕྲད་གནང་བ་དང་། བི་རུ་ཀིང་བསྟི་གནས་ཁང་ (Brookings Institution) དུ་ཆེད་མཁས་པ་ཁག་ཅིག་དང་ལྷན་དུ་བོད་དོན་སྐོར་ནང་མོལ་འཚོགས་འདུར་ལྷན་ཞུགས་གནང་། དེ་བཞིན་ཨ་རིའི་རོགས་ཚོགས་ཀྱི་ལས་སྣེ་དང་། ཨ་རིའི་གྲོས་ཚོགས་ཀྱི་ལས་བྱེད་ཁག་ཅིག་ལྷན་མཇལ་མོལ་གནང་ཡོད་འདུག་ལ། ཨ་རིའི་རྒྱལ་ས་ཁུལ་གྱི་མཛད་འཆར་ཁག་ལེགས་པར་གྲུབ་རྗེས་ཨ་རིའི་མ་ཊི་སོན་དང་། ཝི་སི་ཀོན་སིན། མི་ནི་སོ་ཊ། ཅི་ཀ་གོར་འཚམས་གཟིགས་སུ་གནང་རྒྱུ་ཡིན་འདུག 

གསར་འགོད་པ། བསྟན་འཛིན་ལམ་བཟང་གིས་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་བ་ནས་བཏུས།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།