ཨ་རིའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་ཞིག་དྷ་སར་ཕེབས་པ།

ཟླ་༨ པའི་ཚེས་༢ ཉིན་ཨ་རིའི་མང་གཙོ་ཚོགས་པ་དང་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་དྲུག་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ཞིག་དང་སྐུ་ཟླ་རྣམ་པ། འབྲེལ་ཡོད་ལས་བྱེད། དེ་བཞིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཨ་རིའི་གཞུང་ཚབ་ཁང་གི་ལས་བྱེད་བཅས་ཁྱོན་སྐུ་མགྲོན་གྲངས་༣༢ ཙམ་ཞིག་བཞུགས་སྒར་དྷ་སར་འབྱོར་ཡོད་པ་དང་། སྐབས་དེར་ཨ་རིའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ནེ་ལི་ཌན་གྱིས་གསར་འགོད་པར་ཐེངས་འདིར་བཞུགས་སྒར་དྷ་སར་ཕེབས་དགོས་པའི་དམིགས་ཡུལ་གཙོ་བོ་ནི། བོད་མིའི་སྒྲིག་འཛུགས་ལ་རྒྱུས་ལོན་བྱ་རྒྱུ་དང་བོད་མི་ཚོར་རོགས་རམ་ག་རེ་ཞུ་ཐུབ་པའི་ཆེད་དུ་བཅར་སྐོར་གསུངས་ཡོད་པ་རེད། དེ་ཉིན་སྐུ་མགྲོན་རྣམ་པ་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་ལ་བལྟ་སྐོར་དུ་ཕེབས་སྐབས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཕེབས་བསུའི་སྣེ་ལེན་ཞུས་ཡོད་པ་རེད།

Tibet.net

ཟླ་ ༨ ཚེས་ ༣ ཉིན་གྱི་སྔ་དྲོར་སྐུ་ཚབ་ཚོགས་པ་རྣམས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་ཚོགས་ཁང་དུ་ཕེབས་ནས། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་བཀའ་བློན་རྣམ་པ་དང་ཆུ་ཚོད་གཅིག་ཙམ་གྱི་མཇལ་འཕྲད་གྲུབ་མཚམས་ཚོགས་ཆུང་གི་ཚོགས་གཙོ་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཌེ་ཝི་ཌི་པཱེ་རའི་སེ་ཡིས་གསར་འགོད་པ་ཚོར། ཐེངས་འདིར་ཁོང་རྣམས་རྡ་སར་བཅར་དགོས་དོན་གཙོ་བོ་ནི་བོད་མིའི་ཆོས་དང་རིག་གཞུང་སྲུང་སྐྱོབ་ལ་རྒྱབ་སྐྱོར་གང་ཡོང་ཞུ་རྒྱུ་ཡིན་པ་དང་། བོད་མིར་གདུང་མཉམ་སྐྱེ་ཐོག་བོད་ནང་རང་དབང་སླར་གསོའི་ལས་འགུལ་ལ་རྒྱབ་སྐྱོར་གྱི་རྣམ་པ་སྟོན་ཆེད་ཡིན་པ། བཀའ་ཤག་ལྷན་རྒྱས་མཇལ་འཕྲད་ཡག་པོ་བྱུང་སྐོར་དང་།  མཇལ་འཕྲད་གྲུབ་བསྟུན་༸རྒྱལ་བའི་ཕོ་བྲང་དུ་༸གོང་ས་མཆོག་མཇལ་ཁ་ཞུ་རྒྱུ་ཡིན་སྐོར་གསུངས།  

དེ་ཡང་སྐུ་ཚབ་འཐུས་མི་རྣམས་བཀའ་ཤག་ཏུ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དབུས་བཀའ་བློན་རྣམས་དང་མཇལ་འཕྲད་སྐབས། ཁོང་ཚོས་འཛམ་གླིང་ཁྱོན་དུ་མང་གཙོའི་རིང་ལུགས་སྲ་བརྟན་གོང་འཕེལ་ལ་རྒྱབ་སྐྱོར་གནང་བཞིན་ཡོད་པ་མ་ཟད། ལྷག་པར་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ལམ་བཟང་ཐོག་ཤར་སྐྱོད་བྱེད་བཞིན་པར་རྒྱབ་སྐྱོར་ཡོད་སྐོར་གསུངས་འདུག

རྗེས་སུ་གྲོས་ཚོགས་སུ་བཅར་རྒྱུ་དང་། སྲི་ཞུ་བ་ཚོར་གསུང་བཤད་གནང་རྒྱུ་སོགས་ཀྱི་ལས་རིམ་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།