ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་དོན་ཁྲིམས་འཆར་ལ་རྒྱབ་སྐྱོར་ཐོབ་འདུག 

༧གོང་ས་མཆོག་དང་བོད་མིའི་ཆོས་ལུགས་འགོ་ཁྲིད་རྣམས་ཀྱི་ཡང་སྲིད་ངོས་འཛིན་དང་བསྐོ་བཞག་ལ་ཐེ་བྱུས་བྱེད་མཁན་གྱི་རྒྱ་ནག་གི་འགོ་ཁྲིད་རྣམས་ལ་ཉེས་ཆད་བཅད་དེ། བོད་མིའི་ཆོས་དད་རང་དབང་དང་ཁོར་ཡུག་སོགས་སྲུང་སྐྱོབ་བྱེད་པའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་ཀྱི་ཁྲིམས་འཆར་ལ། ཨ་རིའི་གྲོས་ཚོགས་འོག་མའི་ནང་སྤྱི་མོས་རྒྱབ་སྐྱོར་ཐོབ་མེད་ཀྱང་། མང་མོས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་ཐོབ་འདུག

༧གོང་ས་མཆོག་དང་བོད་མིའི་ཆོས་ལུགས་འགོ་ཁྲིད་རྣམས་ཀྱི་ཡང་སྲིད་ངོས་འཛིན་དང་བསྐོ་བཞག་ལ་ཐེ་བྱུས་བྱེད་མཁན་གྱི་རྒྱ་ནག་གི་འགོ་ཁྲིད་རྣམས་ལ་ཉེས་ཆད་བཅད་དེ། བོད་མིའི་ཆོས་དད་རང་དབང་དང་ཁོར་ཡུག་སོགས་སྲུང་སྐྱོབ་བྱེད་པའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་ཀྱི་ཁྲིམས་འཆར་ལ། ཨ་རིའི་གྲོས་ཚོགས་འོག་མའི་ནང་སྤྱི་མོས་རྒྱབ་སྐྱོར་ཐོབ་མེད་ཀྱང་། མང་མོས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་ཐོབ་འདུག

ཟླ་༡ པོའི་ཚེས་༢༨ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ནང་དུ། ཕྱི་ལོ་༢༠༡༩ བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་ལ། གྲོས་ཚོགས་འཐུས་མི་རྣམས་ཀྱིས་འོས་ཤོག་འཕངས་འདུག་པ་དང་། འོས་བསྡུའི་གྲུབ་དོན་དུ་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་༢༢༩ དང་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་༡༦༣ གིས་རྒྱབ་སྐྱོར་བྱས་ཏེ་ཁྱོན་བསྡོམས་གྲོས་ཚོགས་འཐུས་མི་༣༩༢ ཀྱིས་རྒྱབ་སྐྱོར་བྱས་ནས་མང་མོས་རྒྱབ་སྐྱོར་ཤུགས་ཆེན་ཐོབ་འདུག དེ་བཞིན་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་༢༡ དང་རང་དབང་ཅན་གྱི་གྲོས་ཚོགས་འཐུས་མི་༡ བཅས་ཁྱོན་བསྡོམས་གྲོས་ཚོགས་འཐུས་མི་༢༢ ཀྱིས་དགག་བྱ་བྱས་འདུག 

གྲོས་ཚོགས་འོག་མ་ནས་ཁྲིམས་འཆར་དེར་མང་མོས་རྒྱབ་སྐྱོར་ཐོབ་ཟིན་པས། གྲོས་ཚོགས་གོང་མའི་ནང་མང་མོས་རྒྱབ་སྐྱོར་ཐོབ་ཚེ། ཁྲིམས་སུ་གཏན་འབེབས་ཡོང་ཆེད་དུ་སྲིད་འཛིན་གྱི་མཚན་རྟགས་འགོད་དགོས་པ་རེད། གྲོས་ཚོགས་གོང་མའི་ནང་ཁྲིམས་འཆར་དེར་འོས་ཤོག་ལས་རིམ་འགྲོ་བར།  གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལྷན་ཚོགས་སོགས་མོས་མཐུན་རྒྱབ་སྐྱོར་ཐོབ་དགོས་ཀྱི་ཡོད་པས། ཁྲིམས་འཆར་དེ་ལྷན་ཚོགས་དེར་མཁོ་སྤྲོད་བྱས་ཟིན་ཡོད་འདུག 

བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་ཁྲིམས་༢༠༡༩ ཞེས་པ་ཁྲིམས་འཆར་དེ་ནི་ཕྱི་ལོ་༢༠༠༢ ལོར་ཨ་རིའི་གྲོས་ཚོགས་ཀྱིས་གཏན་འབེབས་བྱས་པའི་བོད་དོན་སྲིད་བྱུས་ཁྲིམས་བསྐྱར་བཅོས་བྱེད་ཆེད་ཅིག་ཡིན་འདུག དེའི་ནང་རྒྱ་ནག་གཞུང་གིས་༧གོང་ས་མཆོག་གི་ཡང་སྲིད་ངོས་འཛིན་གཙོས་པའི་བླ་སྤྲུལ་ཁག་གི་ཡང་སྲིད་ལ་ཐེ་བྱུས་བྱེད་མི་ཆོག་པ་དང་། གལ་ཏེ་དེ་ལྟར་བྱས་ཚེ་འབྲེལ་ཡོད་དཔོན་རིགས་རྣམས་ཨ་རིའི་གཞུང་གིས་དཔལ་འབྱོར་དང་ཐོངས་མཆན་སོགས་ཀྱི་ཉེས་ཆད་གཏོང་དགོས་པ། དེ་བཞིན་རྒྱ་ནག་གཞུང་གིས་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་༧གོང་ས་མཆོག་དང་ཁོང་གི་སྐུ་ཚབ། ཡང་ན་བོད་མིའི་སྒྲིག་འཛུགས་དང་ཞི་མོལ་བྱེད་དགོས་པ། རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སར་ཨ་རིའི་གཞུང་ཚབ་གཅིག་འཛུགས་པའི་ཆོག་མཆན་མ་སྤྲད་བར་དུ། ཨ་རིའི་ནང་རྒྱ་ནག་གི་གཞུང་ཚབ་དང་ལས་དོན་ཁང་གསར་པ་འཛུགས་རྒྱུར་ཆོག་མཆན་སྤྲོད་མི་ཆོག་པ། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་དང་། བོད་ཀྱི་ཆོས་རིག་དང་མང་གཙོ་སོགས་ལ་རྒྱབ་སྐྱོར་བྱེད་དགོས་ཀྱི་ཡོད་པ་སོགས་ཀྱི་དོན་ཚན་འཁོད་འདུག

ཁྲིམས་འཆར་དེ་ཐོག་མར་ཕྱི་ལོ་༢༠༡༩ ལོའི་ཟླ་༩ པའི་ཚེས་༡༣ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ནང་དུ། མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ཇེམ་མེག་གྷོ་ཝན་གྱིས་བཏོན་ཡོད་པ་དང་། ཟླ་༩ པའི་ཚེས་༢༤ ཉིན་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་མར་ཁོ་རུ་བྷེཡོ་དང་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་བྷན་ཁར་ཌེན་གཉིས་ཀྱིས་གྲོས་ཚོགས་གོང་མའི་ནང་དུ་བཏོན་ཡོད་པ་རེད་འདུག 

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་ཡིས། བོད་མི་ཡོངས་ཀྱི་ཚབ་ཞུས་ནས་ཨ་རིའི་གྲོས་ཚོགས་འོག་མའི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྦྲེལ་པོ་དང་། གྲོས་ཚོགས་འོག་མའི་ནང་གྲོས་ཆོད་བསྣམས་ཕེབས་མཁན་ཡོངས་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་འདུག་པ་མ་ཟད།  སྲིད་སྐྱོང་གིས་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནེན་སི་པེ་ལོ་སི་དང་། གྲོས་ཚོགས་འོག་མའི་མང་གཙོ་ཚོགས་པའི་འཐུས་མི་སྐུ་ཞབས་ཇིམ་མེག་གྷོ་ཝན་།  གྲོས་ཚོགས་འོག་མའི་སྤྱི་མཐུན་ཚོགས་པའི་འཐུས་མི་སྐུ་ཞབས་ཁི་རི་སི་སི་མི་ཐི།  དེ་བཞིན་ཡུན་རིང་བོད་མི་དང་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་གྲོས་ཚོགས་འོག་མའི་སྤྱི་མཐུན་ཚོགས་པའི་འཐུས་མི་སྐུ་ཞབས་ཊེཌ་ཡོ་ཧོ་བཅས་ལ་དམིགས་བསལ་ཐུགས་རྗེ་ཆེ་ཞུས་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།