ཨ་རིའི་ཆེས་མཐོའི་ཁྲིམས་ཁང་དུ་མི་རིགས་ནག་པོའི་བུད་མེད་གཅིག་ཐོག་མ་འདེམས་ཐོན་བྱུང་འདུག
ལོ་རྒྱུས་རིང་བ་དང་དབང་ཤུགས་ཆེ་བའི་ཨ་རིའི་ཆེས་མཐོའི་ཁྲིམས་ཁང་དུ། ཐེངས་དང་པོར་མི་རིགས་ནག་པོའི་བུད་མེད་གཅིག་འདེམས་ཐོན་བྱུང་འདུག་པ་དང་། བུད་མེད་དེའི་འདེམས་ཐོན་ནི་ལོ་རྒྱུས་རང་བཞིན་ཅན་ཞིག་ཡིན་ཁར། འདེམས་ཐོན་གྱི་བརྒྱུད་རིམ་ཁྲོད་སྤྱི་མཐུན་ཚོགས་པས་དགག་བྱ་ཆེན་པོ་བྱས་འདུག
ལོ་རྒྱུས་རིང་བ་དང་དབང་ཤུགས་ཆེ་བའི་ཨ་རིའི་ཆེས་མཐོའི་ཁྲིམས་ཁང་དུ། ཐེངས་དང་པོར་མི་རིགས་ནག་པོའི་བུད་མེད་གཅིག་འདེམས་ཐོན་བྱུང་འདུག་པ་དང་། བུད་མེད་དེའི་འདེམས་ཐོན་ནི་ལོ་རྒྱུས་རང་བཞིན་ཅན་ཞིག་ཡིན་ཁར། འདེམས་ཐོན་གྱི་བརྒྱུད་རིམ་ཁྲོད་སྤྱི་མཐུན་ཚོགས་པས་དགག་བྱ་ཆེན་པོ་བྱས་འདུག
ཟླ་༤ པའི་ཚེས་༨ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཨ་རིའི་སྲིད་འཛིན་རྗོ་བྷའེ་ཌན་གྱིས་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་དུ་མིང་འདོན་བྱས་པའི་རང་ལོ་༥༡ སོན་པའི་ལྕམ་ཀེ་ཏན་ཇཱི་བྷེ་རོན་ཇེག་སོན་ལ། གྲོས་ཚོགས་གོང་མ་ནང་དུ་འོས་ཤོག་འཕངས་ཏེ་མཐའ་མའི་གྲུབ་དོན་དུ་ཁོང་ལ་རྒྱབ་སྐྱོར་བྱེད་མཁན་༥༣ དང་དགག་བྱ་བྱེད་མཁན་༤༧ བྱུང་ནས་མང་མོས་ཐོག་ནས་འདེམས་ཐོན་བྱུང་ཡོད་པ་རེད་འདུག
དེ་ཡང་ཁོང་གི་འདེམས་ཐོན་བརྒྱུད་རིམ་སྐབས་སུ་སྤྱི་མཐུན་ཚོགས་པའི་ཚོགས་མི་ཚོས་དགག་བྱ་ཆེན་པོ་བྱས་འདུག་ཀྱང་། མཐའ་མའི་འོས་བསྡུའི་སྐབས་སུ་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་གསུམ་གྱིས་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་༥༠ དང་ལྷན་དུ་མོ་ལ་རྒྱབ་སྐྱོར་གྱི་འོས་ཤོག་འཕངས་ཏེ་རྒྱལ་ཁ་ཐོབ་ཡོད་པ་རེད་འདུག
སྤྱིར་བཏང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་དཔོན་བསྐོ་གཞག་གི་ལས་དོན་དེ་སྲིད་དོན་དང་ཐད་ཀར་འབྲེལ་བ་མེད་ཀྱང་། ཐེངས་འདིར་སྲིད་དོན་ཚོགས་པ་གཉིས་བར་གྱི་འགལ་ཟླ་མངོན་གསལ་དོད་པོ་ཐོན་ཡོད་འདུག མང་གཙོ་ཚོགས་པ་ནས་ལྕམ་ཁོང་གི་ཁྲིམས་དོན་ཉམས་མྱོང་ལ་བསྟོད་བསྔགས་བྱས་ཏེ་རྒྱབ་སྐྱོར་བརྟན་པོ་བྱས་འདུག་ཀྱང་། སྤྱི་མཐུན་ཚོགས་པས་ལྕམ་ཁོང་གི་འདས་པའི་ལས་དོན་སྐབས་སུ་ཁྲིམས་ཐག་བཅད་པའི་གནད་དོན་ཁག་ཅིག་དང་འབྲེལ་ནས་སྐྱོན་བརྗོད་བྱས་ཏེ་ཁྲིམས་དཔོན་ལ་བསྐོ་གཞག་བྱེད་རྒྱུར་དགག་བྱ་ཆེན་པོ་བྱས་འདུག
སྤྱིར་བཏང་ཡོངས་གྲགས་སུ་ལྕམ་ཁོང་ནི་གུ་ཡངས་ཀྱི་ལྟ་བ་འཛིན་མཁན་ཞིག་ཡིན་འདུག་པ་དང་། ད་ལྟའི་ཆར་ཨ་རིའི་ཆེས་མཐོའི་ཁྲིམས་ཁང་ནང་དུ་ཡོད་པའི་ཁྲིམས་དཔོན་ཚོའི་ལྟ་བ་ངོས་འཛིན་བྱེད་སྟངས་ལ། རྙིང་ཞེན་པ་༦ དང་གུ་ཡངས་པ་༣ ཡིན་འདུག་པ་དང་། ཟླ་༦ པའི་ནང་གུ་ཡངས་པ་གཅིག་རྒས་ཡོལ་འགྲོ་ཡི་འདུག་པས་དེའི་ཚབ་ཏུ་ལྕམ་ཁོང་འདེམས་ཐོན་བྱུང་འདུག
ཆེས་མཐོའི་ཁྲིམས་ཁང་དུ་ཨ་རིའི་ནང་གི་གནད་དོན་གལ་ཆེ་ཤོས་ཁག་ཐག་གཅོད་བྱེད་ཀྱི་ཡོད་པས། ཁྲིམས་ཁང་དེའི་ནང་གི་ཁྲིམས་དཔོན་ཚོར་འགན་དབང་ཤིན་ཏུ་ཆེན་པོ་ཡོད་པ་རེད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།