ཨ་རིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱིས་རྒྱ་གར་གྱི་ཆོས་ལུགས་གཞི་རྩར་བཞག་པའི་ཁྲིམས་འཆར་ལ་སྐྱོན་བརྗོད། 

ཨ་རིའི་ཆོས་དད་རང་དབང་ལྷན་ཚོགས་ནས་གལ་སྲིད་“༢༠༡༩ ལོའི་མི་སེར་ཐོབ་ཐང་བསྐྱར་བཅོས་”ཞེས་པའི་རྒྱ་གར་གྱི་ཁྲིམས་འཆར་གསར་པ་དངོས་སུ་ཁྲིམས་ལ་གཏན་འབེབས་བྱས་པ་ཡིན་ན། ཨ་རི་གཞུང་ནས་ཁྲིམས་འཆར་དེའི་འབྲེལ་ཡོད་མི་སྣ་རྣམས་ལ་ཉེས་ཆད་གཅོད་དགོས་སྐོར་བརྗོད་ཡོད་འདུག

ཨ་རིའི་ཆོས་དད་རང་དབང་ལྷན་ཚོགས་ནས་གལ་སྲིད་“༢༠༡༩ ལོའི་མི་སེར་ཐོབ་ཐང་བསྐྱར་བཅོས་”ཞེས་པའི་རྒྱ་གར་གྱི་ཁྲིམས་འཆར་གསར་པ་དངོས་སུ་ཁྲིམས་ལ་གཏན་འབེབས་བྱས་པ་ཡིན་ན། ཨ་རི་གཞུང་ནས་ཁྲིམས་འཆར་དེའི་འབྲེལ་ཡོད་མི་སྣ་རྣམས་ལ་ཉེས་ཆད་གཅོད་དགོས་སྐོར་བརྗོད་ཡོད་འདུག

ཟླ་འདིའི་ཚེས་༡༠ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་དུ་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་གྱི་ཆོས་ལུགས་གཞི་རུ་བཞག་པའི་ཁྲིམས་འཆར་ཏེ། “༢༠༡༩ ལོའི་མི་སེར་ཐོབ་ཐང་བསྐྱར་བཅོས་”ཞེས་པར་རྒྱ་གར་གྱི་གྲོས་ཚོགས་འོག་མ་ནས་མོས་མཐུན་ཐོབ་སྟེ་གྲོས་ཚོགས་གོང་མའི་ནང་བགྲོ་གླེང་བྱེད་བཞིན་པའི་སྐབས་འདིར། ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱིས་ཁྲིམས་འཆར་དེར་སྐྱོན་བརྗོད་བྱས་པ་མ་ཟད། གལ་སྲིད་རྒྱ་གར་གྲོས་ཚོགས་གོང་འོག་གཉིས་ཀས་ཁྲིམས་འཆར་དེར་མོས་མཐུན་བྱས་པ་ཡིན་ན། ཨ་རི་གཞུང་ནས་རྒྱ་གར་གྱི་ནང་སྲིད་བློན་ཆེན་ཨ་མི་ཤཱ་(Amit Shah) དང་། དེ་མིན་གྱི་འགོ་ཁྲིད་གཙོ་བོ་རྣམས་ལ་ཉེས་ཆད་གཅོད་པའི་ཐོག་བསམ་བློ་གཏོང་དགོས་སྐོར་བརྗོད་ཡོད་འདུག 

རྩོད་རྙོག་ཅན་གྱི་ཁྲིམས་འཆར་འདི་གཏན་འབེབས་བྱེད་པའི་ཐོག་ཏུ་ནུས་ཤུགས་འདོན་མཁན་གཙོ་བོ་སྟེ། རྒྱ་གར་ནང་སྲིད་བློན་ཆེན་ཨ་མི་ཤཱ་(Amit Shah) ནི་རྒྱ་གར་གྱི་སྲིད་བློན་མོ་དྷི་དང་འབྲེལ་བ་དམ་ཟབ་ཡོད་པའི་མི་སྣ་ཞིག་ཡིན་ཞིང་། དགག་པ་རྒྱག་མཁན་ཚོས་བརྗོད་པ་ལྟར་ན། སྲིད་བློན་མོ་དྷིས་སྣེ་ཁྲིད་པའི་ཧིན་དྷུ་མཆོག་འཛིན་གྱི་སྲིད་གཞུང་གིས་ཁྲིམས་འཆར་འདི་གཏན་ལ་འབེབས་ཐབས་བྱེད་བཞིན་པ་དེས། རྒྱ་གར་གྱི་ཆོས་ལུགས་དང་མ་འབྲེལ་བའི་མང་གཙོའི་རྩ་བར་གཏོར་སྐྱོན་གཏོང་བཞིན་ཡོད་འདུག 

དེ་ཡང་ད་ཐེངས་གཏན་ལ་འབེབས་འཆར་ཡོད་པའི་ཁྲིམས་འཆར་དེའི་ནང་། པ་ཀི་སི་ཐན་དང་། བྷང་ལ་དྷེ་ཤི། ཨབ་གྷ་ནི་ཐན་བཅས་ཀྱི་ཁ་ཆེའི་རྒྱལ་ཁབ་གསུམ་ནས་༢༠༡༥ སྔོན་དུ་(ཁྲིམས་མཐུན་གྱི་ཡིག་ཆ་ཡོད་མེད་ལ་མ་ལྟོས་པར)རྒྱ་གར་དུ་འབྱོར་བའི་ནང་པ་དང་། ཡེ་ཤུ་བ། ཧིན་དྷུ། སཱིག(Sikhs) གཅེར་བུ་པ། ཕར་སི་(Parsis)བཅས་ལ་རྒྱ་གར་གྱི་མི་སེར་ཐོབ་ཐང་སྦྱིན་རྒྱུ་ཡིན་འདུག་ཀྱང་། ཁ་ཆེའི་ཆོས་ལུགས་ཀྱི་རྗེས་འབྲང་བ་རྣམས་ལོགས་སུ་བསྐྱུར་ཡོད་འདུག 

ཁྲིམས་འཆར་དེར་རྒྱ་གར་ནང་ལོགས་དང་ཕྱི་ལོགས་ནས་དགག་པ་དང་སྐྱོན་བརྗོད་བྱེད་བཞིན་ཡོད་འདུག་སྟེ། རྒྱུ་མཚན་ནི་རྒྱ་གར་རྒྱལ་ཁབ་ཀྱི་ལོ་རྒྱུས་ནང་ཆོས་ལུགས་གཞི་རྩར་བཞག་སྟེ་མི་སེར་གྱི་ཐོབ་ཐང་སྦྱིན་ཐབས་བྱེད་པའི་ལས་འགུལ་ཞིག་སྤེལ་བ་ད་ཐེངས་འདི་ཐོག་མ་ཆགས་པས་ཡིན་འདུག ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱིས་བྱེད་སྟངས་དེ་ནི་ཆོས་ལུགས་ཐམས་ཅད་ཀྱི་མི་མང་ལ་ཁྲིམས་ཀྱི་ཁེ་དབང་འདྲ་མཉམ་འགན་ལེན་གནང་བའི་རྒྱ་གར་གྱི་རྩ་ཁྲིམས་དང་འགལ་ཡོད་ཚུལ་བརྗོད་པའི་ཐོག “གལ་སྲིད་མི་སེར་ཐོབ་ཐང་བསྐྱར་བཅོས་ཀྱི་ཁྲིམས་འཆར་ལ་གྲོས་ཚོགས་གོང་འོག་གཉིས་ཀ་ནས་མོས་མཐུན་ཐོབ་པ་ཡིན་ན། ཨ་རིའི་སྲིད་གཞུང་ནས་རྒྱ་གར་ནང་སྲིད་བློན་ཆེན་དང་གནད་ཡོད་མི་སྣ་གཞན་རྣམས་ལ་ཉེས་ཆད་གཅོད་པའི་ཐོག་བསམ་གཞིགས་བྱེད་དགོས་”ཞེས་བསྒྲགས་ཡོད་འདུག 

རྒྱ་གར་ཕྱི་སྲིད་ལས་ཁུངས་ནས་ཨ་རིའི་ཆོས་དད་ལྷན་ཚོགས་ཀྱི་སྐད་ཆ་དེ་དངོས་ཡོད་དང་མི་མཐུན་པ་ཞིག་ཡིན་སྐོར་བཤད་པ་མ་ཟད། ཁྲིམས་འཆར་དེ་ནི་ཁྱིམ་མཚེས་རྒྱལ་ཁབ་གསུམ་གྱི་ནང་དུ་ཆོས་ལུགས་དབྱེ་འབྱེད་ཀྱི་དཀའ་སྡུག་མྱངས་ནས་རྒྱ་གར་དུ་འབྱོར་བའི་མི་མང་རྣམས་ཀྱི་དཀའ་སྡུག་སེལ་ཆེད་ཡིན་སྐོར་བརྗོད་ཡོད་འདུག 

ཁྲིམས་འཆར་འདི་ནི་སྲིད་བློན་མོ་དྷིས་འོས་བསྡུའི་སྐབས་ཁས་ལེན་བྱས་པའི་དམ་བཅའ་གཙོ་བོ་རྣམས་ཀྱི་ཁྲོད་ནས་དངོས་སུ་ལག་བསྟར་བྱས་པ་གསུམ་པ་དེ་ཆགས་ཡོད་འདུག དང་པོ་ནི་ཀཱ་ཤི་མིར་གྱི་རང་སྲིད་རང་སྐྱོང་རྩིས་མེད་བཟོ་རྒྱུ་དང་། གཉིས་པ་རྒྱ་གར་ཆེས་མཐོའི་ཁྲིམས་ཁང་ནས་ཁ་ཆེ་དང་ཧིན་དྷུའི་རྩོད་གཞིར་གྱུར་བའི་ས་ཆའི་ཐོག་ཧིན་དྷུའི་ལྷ་ཁང་བཞེངས་པའི་ཆོག་མཆན་ལེན་རྒྱུ་བཅས་ཡིན་འདུག 

ད་ལྟ་རྒྱ་གར་གྲོས་ཚོགས་གོང་མའི་ནང་ཁྲིམས་འཆར་དེའི་སྐོར་བགྲོ་གླེང་བྱེད་བཞིན་པའི་སྒང་ཡིན་ཞིང་། དེ་དངོས་སུ་གཏན་འབེབས་བྱེད་པ་ལ། བྷི་ཇི་པེ་ཚོགས་པ་ལ་ངེས་པར་དུ་གྲོས་ཚོགས་ཀྱི་ཚོགས་པ་ཆུང་བ་རྣམས་ཀྱི་རྒྱབ་སྐྱོར་འཐོབ་དགོས་ཀྱི་ཡོད་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།