ཨ་རིའི་དམག་གྲུ་ཐའེ་ཝན་གྱི་གལ་གནད་ཆེ་བའི་མཚོ་འགག་ཏུ་བཏང་།
ཟླ་འདིའི་ཚེས་༢༥ ཉིན་རྒྱལ་སྤྱིའི་རའོ་ཏྲར་གསར་ཁང་(Reuters) གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་རེས་གཟའ་ལྷག་པའི་ཉིན་ཨ་རིའི་དམག་གིས་ཐའེ་ཝན་གྱི་མཚོ་འགག་ཏུ་དམག་གྲུ་ཞིག་བཏང་ཡོད་སྐོར་བཤད་འདུག་ཅིང་། དེས་ཨ་རྒྱའི་འབྲེལ་ལམ་ཛ་དྲག་ཏུ་གྱུར་ཡོད་པའི་སྐབས་འདིར་རྒྱ་ནག་ལ་སྔར་ལས་ལྷག་པའི་ཁོང་ཁྲོ་སློང་སྲིད་འདུག
ཟླ་འདིའི་ཚེས་༢༥ ཉིན་རྒྱལ་སྤྱིའི་རའོ་ཏྲར་གསར་ཁང་(Reuters) གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་རེས་གཟའ་ལྷག་པའི་ཉིན་ཨ་རིའི་དམག་གིས་ཐའེ་ཝན་གྱི་མཚོ་འགག་ཏུ་དམག་གྲུ་ཞིག་བཏང་ཡོད་སྐོར་བཤད་འདུག་ཅིང་། དེས་ཨ་རྒྱའི་འབྲེལ་ལམ་ཛ་དྲག་ཏུ་གྱུར་ཡོད་པའི་སྐབས་འདིར་རྒྱ་ནག་ལ་སྔར་ལས་ལྷག་པའི་ཁོང་ཁྲོ་སློང་སྲིད་འདུག
ཐའེ་ཝན་ནི་ཨ་རྒྱ་གཉིས་ཀྱི་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་པའི་རྩོད་གཞི་དག་གི་ཁྲོད་དུ་ཚུད་ཡོད་ཅིང་། རྩོད་གཞི་དེ་དག་གི་ནང་གཙོ་བོ་ཨ་རྒྱའི་ཚོང་དམག་དང་། ཨ་རིས་རྒྱ་ནག་ལ་ཉེས་ཆད་བཅད་པ། དེ་བཞིན་ཨ་རིས་རང་དབང་མཚོ་འགྲུལ་ལྟ་སྲུང་བྱེད་སའི་ལྷོ་རྒྱ་ནག་རྒྱ་མཚོའི་ཐོག་ཏུ་རྒྱ་ནག་གིས་དམག་ཤུགས་བཙན་ཤེད་ངོམ་པ་ཇེ་ཆེར་གཏོང་བཞིན་པ་སོགས་འདུས་ཡོད།
རྒྱ་ནག་གིས་རེས་གཟའ་ལྷག་པའི་ཉིན་ཨ་རིས་གོ་ལའི་བདེ་འཇགས་ལ་གཏོར་བཤིག་བཏང་བའི་ཉེས་འཛུགས་དང་། ཐའེ་ཝན་ལ་གོ་མཚོན་བཙོང་བར་སྐྱོན་བརྗོད་བྱས་པ་མ་ཟད། གལ་སྲིད་ཐའེ་ཝན་རང་བཙན་གྱི་ལས་འགུལ་སྤེལ་བ་ཡིན་ན། དམག་རྒྱག་པའི་གྲ་སྒྲིག་ཨང་གསར་ཡོད་ཚུལ་བཤད་འདུག
ད་ཐེངས་ཨ་རིས་ཐའེ་ཝན་གྱི་མཚོ་འགག་ཏུ་བཏང་བའི་དམག་གྲུ་དེའི་མིང་ལ་ཨན་ཊ་ཏྲམ་(Antietam)ཟེར་བ་དང་། ཨ་རིའི་མཚོ་དམག་གི་དཔུང་སྡེ་བདུན་པའི་རུ་དཔོན་ཁི་ལེ-ཌོ་ས་(Clay Doss)ཡིས་“ཐའེ་ཝན་གྱི་མཚོ་འགག་ཏུ་དམག་གྲུ་བཏང་བ་དེས། ཨ་རིས་མཐའ་གཅིག་ཏུ་ཞི་བདེ་རྒྱ་མཚོའི་ཐོག་གི་མཚོ་འགྲུལ་དེ་རང་དབང་དང་གུ་ཡངས་ལྡན་པ་ཞིག་བཟོ་བའི་ཆོད་སེམས་དེ་མཚོན་ཡོད་”ཅེས་སྨྲས་པའི་ཐོག “ཨ་རིའི་མཚོ་དམག་མུ་མཐུད་རྒྱལ་སྤྱིའི་ཁྲིམས་ཀྱིས་མ་བསྡམས་པའི་གནས་དག་ལ་འགྲུལ་སྐྱོད་བྱེད་ངེས་ཡིན་”ཞེས་བསྣན་འདུག
དམག་གྲུའི་མཚོ་འགྲུལ་དེས་ཨ་རྒྱའི་འགལ་ཟླ་སྔར་བས་ཛ་དྲག་ཏུ་གཏོང་བའི་ཉེན་ཁ་ཡོད་ཀྱང་། ཐའེ་ཝན་ཕྱོགས་ནས་དེ་ནི་ཊོམ་ཕི་སྲིད་གཞུང་གིས་ཐའེ་ཝན་ལ་རྒྱབ་སྐྱོར་བྱས་པའི་མཚོན་རྟགས་སུ་མཐོང་ངེས་ཡིན།
ཐའེ་ཝན་གྱི་སྲིད་འཛིན་ཚེ་ཡེ་ཝན་ལ་མཚོ་འགྲུལ་དེའི་སྐོར་དྲིས་པ་ན། མོས་”ཐའེ་ཝན་གྱིས་སོ་སོའི་རང་དབང་དང་། རང་བཙན། མང་གཙོ་བཅས་ཀྱི་ཐོག་ལ་བསྟུན་ཐབས་བྱ་མི་སྲིད་”ཅེས་བརྗོད་པ་མ་ཟད། “ཐའེ་ཝན་གྱི་མཚོ་འགག་དང་ས་ཁུལ་གྱི་བདེ་འཇགས་ཀྱི་འགན་འཁྲི་ཕྱོགས་ཚང་མར་ཡོད། རྒྱ་ནག་ལ་འགན་འཁྲི་ཡོད་པ་དང་། ང་ཚོས་ཀྱང་སོ་སོའི་འགན་འཁྲི་སྲུང་གི་རེད་”ཅེས་བསྣན་འདུག
རྒྱ་ནག་གིས་རྒྱུན་མི་ཆད་པར་ཐའེ་ཝན་མངའ་འོག་ཏུ་བསྡུ་བའི་འབད་བརྩོན་ཤུགས་ཆེ་རུ་གཏོང་བཞིན་ཡོད་ཅིང་། ཁོ་ཚོས་ཐའེ་ཝན་ནི་“རྒྱ་ནག་གཅིག་”གི་མངའ་སྡེ་དང་ས་ཆ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད།
རེས་གཟའ་ལྷག་པའི་ཉིན་རྒྱ་ནག་རྒྱལ་སྲུང་ལས་ཁུངས་ཀྱི་མགྲིན་ཚབ་པ་ཝུའུ་ཁན་(Wu Qian) གྱིས་རྒྱལ་སྲུང་ཡིག་ཆ་རྒྱབ་ཤ་དཀར་པོ་ཅན་གསལ་བསྒྲགས་བྱེད་སྐབས། རྒྱ་ནག་ཕྱོགས་ནས་ཐའེ་ཝན་ཞི་བའི་ངང་ཕྱིར་བསྡུ་ཐབས་ཡོད་དགུ་རྩལ་སྤྲུག་བྱེད་ཀྱི་ཡིན་ཞེས་སྨྲས་པ་དང་སྦྲགས། “གལ་སྲིད་ཐའེ་ཝན་རྒྱ་ནག་ལས་ཁ་བྲལ་གཏོང་ཐབས་ཀྱི་འབད་བརྩོན་བྱེད་མཁན་ཡོད་ན། རྒྱ་ནག་རྒྱལ་ཁབ་ཀྱི་བདག་དབང་དང་། མཐུན་སྒྲིལ། ས་ཁོངས་བཅས་སྲུང་སྐྱོབ་ཆེད་དམག་ལ་ཞུགས་པའི་གྲ་སྒྲིག་བྱེད་ངེས་ཡིན་”ཞེས་བཤད་ཡོད་འདུག
རྒྱ་ནག་གིས་འདས་པའི་ལོ་ངོ་འགའ་ཤས་ནང་ཡང་ཡང་དམག་གི་མཚོ་གྲུ་དང་མཁའ་གྲུ་བཏང་ནས་ཐའེ་ཝན་གྱི་མཐའ་འཁོར་དུ་དམག་སྦྱོང་བྱེད་པ་དང་། ཐའེ་ཝན་གྱི་མཐུན་གྲོགས་རྒྱལ་ཁབ་ཉུང་ཆས་ཤིག་ལྷག་པ་རྣམས་རིམ་གྱིས་མེད་པ་བཟོས་ནས་ཐའེ་ཝན་ཁེ་རྐྱང་འཕུད་པའི་དམག་ཇུས་གཤོམ་བཞིན་ཡོད། །
གསར་འགོད་པ་དཀོན་མཆོག་རབ་བརྟན།