ཨ་རིའི་ནང་མང་ཚོགས་ལ་མེ་མདའ་གང་བྱུང་བརྒྱབ་འདུག
འཛམ་གླིང་ནང་མང་ཚོགས་ཁྲོད་དུ་མེ་མདའ་གང་བྱུང་བརྒྱབ་པའི་གནས་ཚུལ་མང་ཤོས་བྱུང་ཡུལ་ཨ་རིའི་ནང་དུ། མི་ཞིག་གིས་སྨན་ཁང་དུ་ཡོད་པའི་མི་མང་ཁྲོད་དུ་མེ་མདའ་བརྒྱབ་ནས་མི་༤ བསད་ཡོད་ཁར། མང་པོ་ཞིག་ལ་རྨས་སྐྱོན་བཟོས་འདུག
འཛམ་གླིང་ནང་མང་ཚོགས་ཁྲོད་དུ་མེ་མདའ་གང་བྱུང་བརྒྱབ་པའི་གནས་ཚུལ་མང་ཤོས་བྱུང་ཡུལ་ཨ་རིའི་ནང་དུ། མི་ཞིག་གིས་སྨན་ཁང་དུ་ཡོད་པའི་མི་མང་ཁྲོད་དུ་མེ་མདའ་བརྒྱབ་ནས་མི་༤ བསད་ཡོད་ཁར། མང་པོ་ཞིག་ལ་རྨས་སྐྱོན་བཟོས་འདུག
ཟླ་༦ པའི་ཚེས་༢ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཨ་རིའི་ཨོག་ལ་ཧོ་མ་མངའ་སྡེའི་ཏུལ་ས་གྲོང་ཁྱེར་གྱི་སྨན་ཁང་ཞིག་ཏུ། རང་ལོ་༣༥ ནས་༤༠ བར་ཡིན་པའི་སྐྱེས་པ་ཞིག་གིས་མེ་མདའ་རིང་བ་ཞིག་དང་ཐུང་བ་ཞིག་འཁྱེར་ནས། སྨན་ཁང་ནང་དུ་མེ་མདའ་གང་བྱུང་བརྒྱབ་འདུག་པས། མི་༤ བསད་ཡོད་ཁར་མང་པོ་ཞིག་ལ་རྨས་སྐྱོན་བཟོས་རྗེས། རང་ཉིད་ལ་མེ་མདའ་བརྒྱབ་ནས་ཤི་ཡོད་འདུག
ཉེན་རྟོག་པས་བརྗོད་དོན་ལྟར་ན། དྲག་སྤྱོད་པ་དེས་སྨན་ཁང་ནང་དུ་མེ་མདའ་བརྒྱབ་འགོ་བཙུགས་ནས་སྐར་མ་༢ ནང་ཚུད་དུ་ཉེན་རྟོག་པ་སླེབས་ཐུབ་ནས་མི་མང་པོའི་སྲོག་བསྐྱབས་ཐུབ་ཡོད་པ་དང། དྲག་སྤྱོད་པ་དེས་སོ་སོ་རང་ཉིད་ལ་མེ་མདའ་བརྒྱབ་པར་བརྟེན་ཚེ་སྲོག་ཤོར་སྐོར་བརྗོད་འདུག
ཐེངས་འདིའི་མང་ཚོགས་ཁྲོད་དུ་མེ་མདའ་གང་བྱུང་བརྒྱབ་པའི་གནད་དོན་དེ་ནི་ལོ་འདིའི་ནང་དྲག་སྤྱོད་ཀྱི་གནད་དོན་ཐེངས་༢༣༣ པ་དེ་ཆགས་ཀྱི་ཡོད་འདུག མངའ་སྡེ་དེའི་སྤྱི་ཁྱབ་དཔོན་གྱིས་དྲག་སྤྱོད་ཀྱི་གནད་དོན་དེ་ནི་དོན་མེད་ཀྱི་དྲག་སྤྱོད་དང་འཁོན་འཛིན་གྱི་བྱ་སྤྱོད་ཅིག་ཡིན་པ་དང་། གནོད་འཚེ་འཕོག་ཡུལ་གྱི་ནང་མི་ཚོར་གདུང་སེམས་མཉམ་བསྐྱེད་ཡོད་པ། ཉེན་རྟོག་པས་སྲུང་སྐྱོབ་ཀྱི་ལས་དོན་མྱུར་པོ་བྱས་པར་བརྟེན། གནས་སྟངས་ཛ་དྲག་པོ་དེ་སྟངས་འཛིན་བྱེད་ཐུབ་ཡོད་པས་བཀའ་དྲིན་ཆེ་ཞེས་བརྗོད་འདུག
ཉེ་ཆར་ཟླ་༥ པའི་ཚེས་༢༤ ཉིན་ཟླ་༥ པའི་ཚེས་༢༤ ཉིན་ཨ་རིའི་ལྷོ་ཕྱོགས་མངའ་སྡེ་ཀྲེག་སེ་སཱི་ཡི་གཞི་རིམ་སློབ་གྲྭ་ཞིག་ཏུ། རང་ལོ་༡༨ ཡིན་པའི་གཞོན་སྐྱེས་ཤིག་གིས་ལུས་སུ་མེ་མདའ་འགོག་ཆེད་དུ་དམག་ཆས་སོགས་སྤྲས་ནས། འཛིན་གྲྭ་ཁག་ཏུ་འཛུལ་ནས་མེ་མདའ་གང་བྱུང་བརྒྱབ་ཡོད་པ་དང་། བྱིས་པ་རང་ལོ་༧ ནས་༡༠ བར་ཡིན་པ་གྲངས་༡༩ དང་དགེ་རྒན་༢ བསད་ཡོད་པ་རེད། རྗེས་སུ་ཉེན་རྟོག་པས་མེ་མདའ་བརྒྱབ་ནས་དྲག་སྤྱོད་པ་དེ་གསོད་ཐུབ་ཡོད་ཀྱང་། ད་ལྟའི་ཆར་དྲག་སྤྱོད་ཀྱི་གནས་ཚུལ་འབྱུང་བཞིན་པའི་སྐབས་སུ་ཉེན་རྟོག་པ་སློབ་གྲྭ་ནང་དུ་ལམ་སེང་མ་འཛུལ་བར་ཉེན་རྟོག་པ་སྣོན་མ་སླེབས་ཆེད་དུ་བསྒུག་ནས་བསྡད་ཡོད་པའི་བརྙན་ཐུང་དྲ་ཐོག་ཏུ་ཁྱབ་ནས། གནད་དོན་དེ་ལ་བརྟེན་ནས་མི་མང་པོའི་ཚེ་སྲོག་ཤོར་བ་ངོས་འཛིན་བྱེད་མཁན་མང་པོ་འདུག་པས། རྟོག་ཞིབ་ནན་པོ་བྱེད་བཞིན་ཡོད་འདུག
སྤྱིར་བཏང་ཨ་རིའི་ནང་མེ་མདའི་ཁྲིམས་དམ་དུ་གཏོང་ཐབས་བྱེད་མཁན་མང་པོ་ཡོད་ཀྱང་། མེ་མདའ་ཚོང་ལས་ཁང་ཚོའི་དཔལ་འབྱོར་དང་ཞུ་གཏུག་གི་ཤུགས་རྐྱེན་ལ་བརྟེན་ནས། གྲོས་ཚོགས་ནང་དུ་ཁྲིམས་དེ་གཏན་འབེབས་བྱུང་ཐུབ་ཀྱི་མེད་འདུག ཉེ་ཆར་ཨ་རིའི་སྲིད་དོན་ཚོགས་པ་གཉིས་ཀའི་་གྲོས་ཚོགས་གོང་མའི་འཐུས་མི་ཁག་ཅིག་གིས། མེ་མདའ་ཉོ་ཆོག་པའི་ལོ་མཐོ་རུ་གཏོང་རྒྱུ་དང་། ཉེན་རྟོག་པས་མི་གཞན་དང་སྒེར་རང་ཉིད་ལ་ཉེན་ཁ་ཡོད་པའི་དོགས་ཡོད་མི་སྣ་ནས་མེ་མདའ་འཕྲོག་ཆོག་པའི་ཁྲོམས་ཞིག་གཏན་འབེབས་ཡོང་ཆེད་དུ་མཉམ་ལས་བྱེད་བཞིན་ཡོད་འདུག འོན་ཀྱང་མང་ཚོགས་ནང་དུ་མེ་མདའ་གང་བྱུང་བརྒྱབ་པའི་གནད་དོན་མང་ཆེ་བའི་ནང་དུ་བེད་སྤྱོད་བྱས་ཡོད་པའི་མེ་མདའ་ཤུགས་ཆེན་དེ་རིགས་བཀག་སྡོམ་ཆ་ཚང་བ་ཞིག་བྱེད་རྒྱུར་དམིགས་ཀྱི་མེད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།