ཨ་རིའི་བུད་མེད་རུ་ཁག་ལ་འཛམ་གླིང་རྐང་སྤོལ་འགྲན་སྡུར་གྱི་རྒྱལ་ཁ་ཐོབ་སོང་།
ཧྥ་རན་སིར་འཚོགས་པའི་བུད་མེད་ཀྱི་འཛམ་གླིང་རྐང་སྤོལ་འགྲན་སྡུར་ཐེངས་༨ པའི་མཐའ་མའི་རྒྱལ་ཁ་དེ། དེ་སྔོན་རྒྱལ་ཁ་ཐེངས་གསུམ་ལེན་མྱོང་མཁན་ཨ་རིའི་རུ་ཁག་གིས། ནཱེ་ཐར་ལན་ཌ་རུ་ཁག་ལ་སྤོ་ལོ་གཉིས་བླུགས་ནས་རྒྱལ་ཁ་བླངས་སོང་བ་དང་། ད་བར་རྒྱལ་ཁ་ཐེངས་༤ བླངས་ནས་རྒྱལ་ཁ་མང་ཤོས་ལེན་མཁན་རུ་ཁག་དེ་ཆགས་ཡོད་པ་རེད།
ཧྥ་རན་སིར་འཚོགས་པའི་བུད་མེད་ཀྱི་འཛམ་གླིང་རྐང་སྤོལ་འགྲན་སྡུར་ཐེངས་༨ པའི་མཐའ་མའི་རྒྱལ་ཁ་དེ། དེ་སྔོན་རྒྱལ་ཁ་ཐེངས་གསུམ་ལེན་མྱོང་མཁན་ཨ་རིའི་རུ་ཁག་གིས། ནཱེ་ཐར་ལན་ཌ་རུ་ཁག་ལ་སྤོ་ལོ་གཉིས་བླུགས་ནས་རྒྱལ་ཁ་བླངས་སོང་བ་དང་། ད་བར་རྒྱལ་ཁ་ཐེངས་༤ བླངས་ནས་རྒྱལ་ཁ་མང་ཤོས་ལེན་མཁན་རུ་ཁག་དེ་ཆགས་ཡོད་པ་རེད།
ཟླ་༦ པའི་ཚེས་༧ ནས་ཟླ་༧ པའི་ཚེས་༧ བར་ཧྥ་རན་སིར་བུད་མེད་ཀྱི་འཛམ་གླིང་རྐང་སྤོལ་འགྲན་སྡུར་ཐེངས་༨ པ་དེ་འཚོགས་ཡོད་པ་དང་། དེའི་ནང་རྒྱལ་ཁབ་མི་འདྲ་བ་༢༤ ཡི་རུ་ཁག་མཉམ་ཞུགས་བྱས་ཡོད་པ་རེད། ཟླ་༧ པའི་ཚེས་༧ ཉིན་ཨ་རི་དང་ནེ་ཐར་ལན་ཌ་གཉིས་བར་མཐའ་མའི་རྩེད་འགྲན་བྱས་ཡོད་པ་དང་། ཨ་རིའི་རུ་ཁག་གིས་སྤོ་ལོ་གཉིས་བླུགས་ནས་རྒྱལ་ཁ་བླངས་ཡོད་པ་རེད། དེ་ཡང་ད་བར་བུད་མེད་ཀྱི་འཛམ་གླིང་རྐང་སྤོལ་འགྲན་བསྡུར་ཐེངས་༨ འཚོགས་པའི་ཁྲོད། ཨ་རིས་ཕྱི་ལོ་༡༩༩༡ དང་༡༩༩༩། ༢༠༡༥། ༢༠༡༩ བཅས་ཀྱི་རྩེད་འགྲན་ལ་མཐའ་མའི་རྒྱལ་ཁ་བླངས་ནས། བུད་མེད་ཀྱི་འཛམ་གླིང་རྐང་སྤོལ་འགྲན་སྡུར་གྱི་ལོ་རྒྱུས་ནང་རྒྱལ་ཁ་མང་ཤོས་ཐོབ་མཁན་གྱི་རུ་ཁག་དེ་ཆགས་ཡོད་པ་རེད། དེ་བཞིན་ཕྱི་ལོ་༡༩༩༥ ལོར་ནཱོར་ཝེ་དང་། ཕྱི་ལོ་༢༠༠༣ དང་༢༠༠༧ ལོར་འཇར་མན། ཕྱི་ལོ་༢༠༡༡ ལོར་ཉི་ཧོང་རུ་ཁག་བཅས་ཀྱིས་རྩེད་འགྲན་གྱི་རྒྱལ་ཁ་བླངས་ཡོད་པ་རེད།
རང་ལོ་༣༤ ཡིན་པའི་ཨ་རིའི་རྩེད་མོ་བ་རཱ་པི་ནཱ་ལ་རྩེད་འགྲན་ཁྲོད་རྩེད་མོ་བ་ཡག་ཤོས་ཀྱི་བྱ་དགའ་དང་འགྲན་སྡུར་ཁྲོད་ཁྱོན་བསྡོམས་སྤོ་ལོ་༦ བླུགས་ནས་སྤོ་ལོ་མང་ཤོས་བླུགས་མཁན་གྱི་བྱ་བྱ་དགའ་བཅས་ཐོབ་ཡོད་པ་རེད། འགྲན་སྡུར་དེའི་ཁྲོད་དུ་རྩེད་མོ་བ་རཱ་པི་ནཱ་ཡིས་རྒྱལ་སྤྱིའི་རྐང་སྤོལ་ལྷན་ཚོགས་ཀྱིས་སྐྱེས་པ་དང་བུད་མེད་ཀྱི་འཛམ་གླིང་རྐང་སྤོལ་གྲན་བསྡུར་གྱི་མཐའ་མའི་རྒྱལ་ཁ་ཐོབ་མཁན་གཉིས་ལ། དངུལ་གྱི་བྱ་དགའི་གྲངས་འབོར་ཧེ་བག་ཆེན་པོ་བྱས་ནས་སྤྲོད་ཀྱི་ཡོད་པས། དེ་ནི་བུད་མེད་ལ་དབྱེ་འབྱེད་དང་བུད་མེད་རྐང་སྤོལ་རྩེད་མོ་བ་གུས་བརྩི་མི་བྱེད་པ་ཡིན་སྐོར་བརྗོད་ཡོད་ཁར། དེ་སྔོན་ཁོང་གིས་རྩེད་འགྲན་འགོ་མ་བཙུགས་པའི་སྔོན་དུ་ཨ་རིའི་རྒྱལ་གླུ་གཏོང་སྐབས་པུས་མོ་ས་ལ་བཙུགས་ནས། ཨ་རིའི་ནང་མི་རིགས་འདྲ་མཉམ་མེད་པར་ངོ་རྒོལ་བྱེད་མྱོང་ཡོད་ཁར། ཐེངས་འདིར་འགྲན་སྡུར་སྐབས་སུ་གལ་ཏེ་ཨ་རིའི་རུ་ཁག་ལ་མཐའ་མའི་རྒྱལ་ཁ་ཐོབ་ཚེ། ཨ་རིའི་སྲིད་གཞུང་གིས་ཕོ་བྲང་དཀར་པོ་རུ་ཁག་ལ་ཁ་ལག་གཏོང་སྲོལ་ཡོད་པ་ལྟར། སྲིད་འཛིན་ཊོམ་ལ་ངོ་རྒོལ་གྱིས་ཁོང་འགྲོ་རྒྱུ་མིན་སྐོར་བརྗོད་ཡོད་པས། ཊོམ་གྱིས་ཀྱང་སྤྱི་ཚོགས་དྲ་ལམ་ཐོག་ཏུ་ཁོང་ལ་སྐྱོན་བརྗོད་བྱས་ཡོད་པ་རེད། འགྲན་སྡུར་ཁྲོད་ཁོང་གིས་རྩེད་མོ་ཡག་པོ་རྩེས་ཡོད་པ་མ་ཟད། བརྒྱུད་ལམ་ཁག་ཏུ་སྐྱེས་པ་དང་བུད་མེད་རྐང་སྤོལ་རྩེད་མོ་བ་གཉིས་བར་གླ་ཕོགས་དང་བྱ་དགའ་སོགས་འདྲ་མཉམ་དགོས་པ། མཚན་མཐུན་དགའ་རོགས་བྱེད་མཁན་ལ་རྒྱབ་སྐྱོར་གྱི་སྐད་ཆ་མང་པོ་བཤད་ཡོད་རྐྱེན། ཐེངས་འདིའི་འགྲན་སྡུར་ཁྲོད་ཁོང་ལ་དགའ་མོས་བྱེད་མཁན་ཤིན་ཏུ་མང་པོ་བྱུང་ཡོད་ཁར། འགྲན་སྡུར་གྱི་མཚོན་དོན་ཡང་ཆགས་ཡོད་པ་རེད།
ཐེངས་འདིའི་རྩེད་འགྲན་ནང་ཨེ་ཤི་ཡ་རྐང་སྤོལ་ལྷན་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཁག་གི་ཁོངས་ནས། ཨོ་སི་ཀྲོ་ལི་ཡ། རྒྱ་ནག ཉི་ཧོང་། ལྷོ་ཀོ་རི་ཡ། ཐེ་ལན་ཌ་རུ་ཁག་བཅས་རྩེད་འགྲན་ནང་ཚུད་ནས་རྩེད་འགྲན་བྱས་ཡོད་པ་དང་། རྩེད་འགྲན་རིམ་པ་གཉིས་པར་ཨོ་སི་ཀྲོ་ལི་ཡ་དང་རྒྱ་ནག ཉི་ཧོང་བཅས་ཀྱི་རུ་ཁག་གསུམ་སླེབས་ཐུབ་པ་བྱུང་ཡོད་ཀྱང་། རུ་ཁག་གསུམ་པོ་རིམ་པ་གསུམ་པར་སླེབས་ཐུབ་མེད་པ་རེད། རིམ་པ་གསུམ་པའི་ནང་སླེབས་མཁན་ཨ་རི་མ་གཏོགས་གཞན་རུ་ཁག་༧ ཆ་ཚང་ཡུ་རོབ་རུ་ཁག་ཤ་སྟག་ཡིན་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།