ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པས་རྒྱ་གཞུང་གིས་བོད་མིའི་རིགས་རྫས་བསྡུ་རུབ་བྱེད་བཞིན་པར་སེམས་འཚབ་ཡོད་སྐོར་གསུངས་འདུག
ཉེ་ཆར་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་ཁུལ་དུ། བཙན་དབང་གི་ཐོག་ནས་བོད་མི་ཚོའི་རིགས་རྫས་བསྡུ་རུབ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་ཡོད་པས། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་ཨུ་ཛེ་རཱ་ཛཱི་ཡ་ནས་གནད་དོན་དེའི་ཐོག་སེམས་འཚབ་ཡོད་སྐོར་གསུངས་འདུག
ཟླ་༩ པའི་ཚེས་༩ ཉིན་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་ཨུ་ཛེ་རཱ་ཛཱི་ཡ་ནས་སྤྱི་ཚོགས་དྲ་ལམ་ཊེའུ་ཊར་ཐོག་ཏུ་གསུང་དོན། རྒྱ་ནག་གཞུང་གིས་བོད་ནང་དུ་བོད་རིགས་མང་ཚོགས་ཀྱི་རིགས་རྫས་རྣམས་བཙན་དབང་ཐོག་ནས་བསྡུ་རུབ་བྱེད་བཞིན་ཡོད་པ་དང་། ཕྲུ་གུ་ཆུང་ཆུང་ལོ་ན་༥ ཡིན་པ་རྣམས་ཀྱི་རིགས་རྫས་ཀྱང་མཁོ་སྒྲུབ་བྱེད་ཀྱི་ཡོད་པའི་གནས་ཚུལ་འདུག་པས། དེར་སེམས་འཚབ་ཆེན་པོ་སྐྱེ་སོང་། ང་ཚོས་རྒྱ་ནག་གཞུང་གིས་དྲག་གནོན་གྱི་སྲིད་བྱུས་དེ་རིགས་མཚམས་འཇོག་བྱེད་ནས་བོད་མི་ཚོའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་བྱེད་པའི་དགོས་འདུན་འདོན་གྱི་ཡོད་ཅེས་གསུངས་འདུག
དེ་ཡང་ཉེ་ཆར་ཨ་རིར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་ལ་དེ་འབྲེལ་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། ད་ཆ་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་གི་གྲོང་སྡེ་དང་གྲོང་གསེབ་ཁག་གི་བོད་མིའི་ཐོག་མོས་མཐུན་ཡོད་མེད་ལ་ལྟོས་མེད་ཀྱིས། དེང་དུས་ཀྱི་འཕྲུལ་ཆས་བརྒྱུད་བོད་མི་ཚོའི་རིགས་རྫས་བསྡུ་རུབ་བྱེད་བཞིན་པ། ས་གནས་ཉེན་རྟོག་པར་བོད་མི་དེ་དག་ནས་ནག་ཉེས་ཅན་གྱི་ཕྱག་ལས་གང་གནང་ཡོད་མེད་ཀྱི་དཔང་རྟགས་རིགས་གང་ཡང་དགོས་གལ་མེད་འདུག ལྟ་ཞིབ་ཁང་གིས་བརྗོད་དོན་ལ། ལས་གཞི་དེ་ནི་རྒྱ་གཞུང་གིས་བོད་མི་ཚོའི་སྒེར་གྱི་གསང་གནས་ཤེས་རྟོགས་བྱས་ཏེ། ལྟ་སྲུང་གི་ལས་གཞི་རྒྱ་ཆེར་སྤེལ་བཞིན་ཡོད་པ་གསལ་པོ་ཡིན་འདུག
དེ་བཞིན་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་ལ། འདི་ལོའི་ཕྱི་ཟླ་ ༤ ནང་ལྷ་ས་གྲོང་སྡེ་ལས་ཁུངས་ཀྱི་སྙན་ཐོ་ཞིག་ལག་སོན་བྱུང་ཡོད་པ་དང་། དེའི་ནང་རྒྱ་གཞུང་གིས་མིའི་རིགས་རྫས་བརྟག་དཔྱད་བྱེད་ནས་བོད་ནང་གི་སྔོན་འགྲོ་སློབ་གྲྭའི་བྱིས་པ་དང་ས་གནས་ཀྱི་བཅའ་སྡོད་མང་ཚོགས་ཐོག་བཙན་དབང་བཏང་ཡོད་པ་དང་། དེ་སྔ་ཕྱི་ལོ་༢༠༢༠ ལོའི་ཟླ་ ༡༢ ནང་མཚོ་སྔོན་ཞིང་ཆེན་ཟེར་བ་ནས་ཐོན་པའི་སྙན་ཐོ་ནང་དུའང་རྒྱ་གཞུང་གིས་རིགས་རྫས་མཁོ་སྒྲུབ་ཀྱི་ལས་གཞི་ལག་བསྟར་བྱས་ནས་བྱིས་པ་ལོ་ལྔ་དང་དེའི་ཡན་ནས་བསྡུ་ལེན་བྱས་ཡོད་པ་ར་འཕྲོད་བྱུང་ཡོད་འདུག
འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་སྡེ་ཚན་གྱི་འགན་འཛིན་སཱོ་ཧྥི་ཡ་རཱི་ཆར་ཌ་སོན་གྱིས་ལརྒྱ་གཞུང་གིས་དེ་སྔ་ནས་བོད་མིའི་ཐོག་ཚད་ལས་འདས་པའི་དྲག་གནོན་ཤུགས་ཆེར་སྤེལ་མུས་ཡིན་ཁར། ད་ཆ་གསང་བའི་ལྟ་སྲུང་གི་ལས་གཞི་རྒྱ་སྐྱེད་གཏོང་ཆེད། བོད་མིའི་ལུས་ཐོག་ནས་བཙན་དབང་གིས་ཁྲག་བཏོན་ཏེ་རིགས་རྫས་དེ་གསོག་ཉར་བྱེད་བཞིན་པར་སྐྱོན་བརྗོད་གནང་བར་མ་ཟད། ལས་གཞི་དེ་འཕྲལ་དུ་མཚམས་འཇོག་དགོས་པ་དང་འབྲེལ་ཡོད་མི་སྣ་རྣམས་ལ་ཞིབ་འཇུག་གིས་ཁྲིམས་གཏུག་བྱེད་དགོས་པར་ནན་བརྗོད་གནང་འདུག
བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ཀྱིས། བོད་མིའི་མོས་མཐུན་མེད་པར་རིགས་རྫས་བསྡུ་རུབ་བྱས་པ་དེ་ནི་རྒྱལ་སྤྱིའི་ཁྲིམས་ཀྱི་འོག་བོད་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་བཏང་བ་ཡིན་པ་སོགས་ཀྱི་སྐོར་གསུངས་འདུག
ཨོ་སི་ཀྲོ་ལི་ཡའི་སྲིད་བྱུས་ཉམས་ཞིབ་བསྟི་གནས་ཁང་གི་ཉམས་ཞིབ་པ་རྣམ་པས་རྒྱ་ནག་གཞུང་གིས་བོད་དང་ཡུ་གུར་ལ་ཆེད་དམིགས་ཀྱིས་རིགས་རྫས་་བསྡུ་རུབ་བྱས་པ་དེ་ནི་རྒྱལ་སྤྱིའི་ཁྲིམས་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བྱིས་པ་རྣམས་ཀྱི་ཐོབ་ཐང་སྲུང་སྐྱོབ་ཆེད་དུ་བཞག་པའི་གྲོས་མཐུན་དོན་ཚན་ ༡༦ པར་རྩིས་མེད་རྡོག་རོལ་བཏང་བ་ཡིན་པའི་སྐོར་སྙན་ཐོ་བཏོན་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།