ཨ་རིའི་མང་གཙོ་ཚོགས་པའི་སྲིད་འཛིན་གཞོན་པའི་འོས་མི་ཕྱིར་བསྒྲགས་བྱས། 

བྷི་བྷི་སིའི་པར།

ཕྱི་ཟླ་༨ ཚེས་༦ ཉིན་ལྕམ་ཀ་མ་ལ་ཧ་རི་སི་ཡིས་ཨ་མི་རི་ཀའི་མི་ནི་སོ་ཊ་མངའ་སྡེའི་སྲིད་སྐྱོང་བོད་དོན་རྒྱབ་སྐྱོར་བ་ཊིམ་ཝལ་ཛི་སྲིད་འཛིན་གཞོན་པའི་འོས་མིར་བདམས་པའི་སྐོར་གསལ་བསྒྲགས་སྤེལ་འདུག ཁོང་ནི་ཨ་རིའི་དམག་མི་ཟུར་པ་ཞིག་དང་ངལ་རྩོལ་ཚོགས་པར་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་པ་དང་། དེ་བཞིན་མི་ནི་སོ་ཊ་མངའ་སྡེའི་ནང་མང་གཙོ་ཚོགས་པའི་གྲོས་གཞི་ལག་ལེན་བསྟར་རྒྱུར་ཕྱག་རོགས་གནང་མཁན་ཞིག་ཡིན་འདུག དེ་སྔོན་ཁོང་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ཡིན་སྐབས་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཐད་ཀྱི་ཆེས་མཐོའི་ལྷན་ཚོགས་ཀྱི་ལོ་འཁོར་སྙན་ཐོ་ཞིག་འདོན་སྤེལ་གནང་ཡོད་པ་དང་། སྐབས་དེར་ཁོང་ནི་དེའི་མཐོ་རིམ་རྒྱུན་ལས་ཚོགས་མི་ཡིན་འདུག་ཅིང་། དེ་དུས་ཁོང་གིས་བོད་དང་ཡུ་གུར་གཙོས་པའི་གྲངས་ཉུང་མི་རིགས་ཚོས་སོ་སོའི་ཆོས་དང་རིག་གཞུང་སོགས་སྲུང་སྐྱོབ་ཀྱི་ཆེད་འཐབ་རྩོད་བྱེད་བཞིན་པ། རྒྱ་གཞུང་གིས་༧གོང་ས་མཆོག་ཆོས་ཕྱོགས་ཀྱི་དབུ་ཁྲིད་ལ་བརྩི་བཀུར་བྱེད་ཀྱི་མེད་པ་སོགས་བརྗོད་འདུག
༢༠༡༦ ལོར་༧གོང་ས་མཆོག་མི་ནི་སོ་ཊར་ཕེབས་སྐབས་ཞལ་མཇལ་ཞུས་པ་དང་། ༸གོང་ས་མཆོག་དང་མཉམ་དུ་འགྲོ་བ་མིའི་བཟང་སྤྱོད་དང་བྱམས་སྙིང་རྗེའི་སྐོར་གླེང་རྒྱུ་བྱུང་ཡོད་པ་དང་། རིན་ཐང་ཆེ་བའི་ལམ་སྟོན་དེ་དག་ཁོང་གིས་ཉིན་རེའི་འཚོ་བའི་ཁྲོད་དུ་ལག་བསྟར་ཡོང་ཐབས་བྱེད་བཞིན་ཡོད་སྐོར་བརྗོད་འདུག སྐུའི་འཁྲུངས་སྐར་སོགས་བོད་ཀྱི་དུས་ཆེན་ཁག་མངའ་སྡེའི་ནང་ངོས་འཛིན་གནང་བ་སོགས་གནང་ཡོད་འདུག་ལ། རྒྱུན་དུ་བོད་མི་ཚོ་དང་འབྲེལ་བ་ཟབ་མོ་ཡོད་པ་བཞིན། བོད་མི་ཚོས་ཀྱང་ཁོང་ནི་བོད་དོན་ལ་ཐུགས་སྣང་དང་ཡུན་རིང་རྒྱབ་སྐྱོར་གནང་མཁན་ཞིག་དང་། ༧གོང་ས་མཆོག་ལ་དད་གུས་ཆེན་པོ་ཡོད་མཁན་ཞིག་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། ལྕམ་ཧ་རི་སིའི་གསལ་བསྒྲགས་ཀྱི་ནང་དུ། 
སྐུ་ཞབས་ཊིམ་ཝལ་ཛི་ནི་ཨ་རིའི་རྒྱལ་ཁབ་ཀྱི་བདེ་སྲུང་ཆེད་དུ་ལོ་ངོ་ ༢༤ རིང་དམག་མི་དང་།  མཐོ་རིམ་སློབ་གྲྭའི་དགེ་རྒན། མངའ་སྡེའི་བློན་ཆེན་སོགས་ཨ་རིའི་རྒྱལ་ཁབ་ཀྱི་ལས་དོན་ཐོག་ཉམས་མྱོང་ཕུན་སུམ་ཚོགས་པ་ཞིག་དང་།  ཨ་རིའི་སྤྱི་ཚོགས་ཁྲོད་ཀྱི་ཁྱིམ་ཚང་གི་དཀའ་ངལ་མང་པོར་ལྟ་སྐྱོང་ཐུབ་པའི་མཛད་རྗེས་ཅན་གྱི་ཕུལ་བྱུང་མི་སྣ་ཞིག་ཡིན་ཚུལ་དང་། ཁོང་ལྟ་བུའི་མི་ཞིག་མང་གཙོའི་སྲིད་དོན་ཚོགས་པའི་ནང་དུ་བཞུགས་པ་ཧ་ཅང་དགའ་འོས་པ་ཞིག་ཡིན་ཚུལ་བརྗོད་པ་མ་ཟད།  མཉམ་འབྲེལ་གྱི་ཐོག་ནས་རྒྱལ་ཁབ་ཀྱི་ལས་དོན་བྱེད་ཕྱོགས་མགོ་བཙུགས་ཡོད་པར་བརྗོད་འདུག དེ་བཞིན་སྐུ་ཞབས་ཊིམ་ཝལ་ཛི་ཡིས། འདས་པའི་དུས་ཡུན་ནང་མི་ནི་སོ་ཊ་མངའ་སྡེ་ནང་གི་ལས་དོན་ཐམས་ཅད་ཚགས་ཚུད་བྱུང་ཡོད་པ། དེ་དག་མི་ནི་སོ་ཊའི་མི་མང་ཡོངས་ཀྱིས་མཉམ་ལས་བྱས་པའི་གྲུབ་འབྲས་ཡིན་སྐོར། སྔོན་ཆད་ཀྱི་བྱས་རྗེས་ལ་བལྟས་ཏེ་མ་འོངས་པའི་བྱ་གཞག་གི་ཆེད་དུ་མུ་མཐུད་འབད་པ་བྱེད་དགོས་ཚུལ།  དེ་བཞིན་ཁོང་གིས་ཁྱིམ་ཚང་དང་སློབ་ཕྲུག་གི་གནས་བབ་ཐོག་འབད་བརྩོན་བྱས་པའི་གྲུབ་འབྲས་མངའ་སྡེའི་གྲོས་ཚོགས་སུ་བསྐྱལ་ཡོད་པ་དང་། ད་ལྟའི་སྲིད་འཛིན་གཞོན་པ་ལྕམ་ཧ་རི་སི་དང་མཉམ་ལས་བྱས་པའི་གྲུབ་འབྲས་ཕོ་བྲང་དཀར་པོའི་བསྐྱལ་རྒྱུ་ཡིན་ཚུལ་བརྗོད་འདུག གཞན་ཡང་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཁོང་སྲིད་འཛིན་གཞོན་པའི་འོས་མིར་ཁྱབ་བསྒྲགས་བྱས་པའི་ཆུ་ཚོད་འགའ་ཤས་ཀྱི་རྗེས་སུ་སྤྱི་མཐུན་ཚོགས་པའི་འཐུས་མི་དང་ཌོ་ནལ་ཊམ་གྱི་རྒྱབ་སྐྱོར་བ་འགས་སྐྱོན་བརྗོད་ཤུགས་ཆེར་བྱས་འདུག དཔེར་ན་ཁོང་དང་རྒྱ་ནག་དམར་ཤོག་ཚོགས་པའི་བར་འབྲེལ་བ་ཆེ་སྐོར་དང་། ཐེངས་སུམ་ཅུ་ཙམ་རྒྱ་ནག་ལ་ཕྱིན་ཚུལ། དེ་འབྲེལ་གྱི་སྙན་ཐོ་ཞིག་ཀྱང་ཕྱིར་བཏོན་ཡོད་པ་སོགས་༧གོང་ས་མཆོག་དང་ཁོང་གི་ལྷན་པར་ཞིག་དང་མཉམ་དུ་སྤེལ་འདུག
གསར་འགོད་པ། བསྟན་འཛིན་ལམ་བཟང་། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།