ཨ་རིའི་མཐོ་སློབ་ཁག་གི་སློབ་འཇུག་ཐོག་གཡོ་ཟོལ་གྱི་གནས་ཚུལ་ཆེ་ཤོས་ཕྱིར་ཐོན་འདུག
ཨ་རིའི་ནང་གི་སྙན་གྲགས་ཆེ་བའི་གཙུག་ལག་སློབ་གཉེར་ཁང་ཁག་ཏུ་ཚུད་པར། སློབ་མ་རྣམས་ཀྱིས་ལོ་མང་རིང་སྙན་གྲགས་ཆེ་བའི་མཐོ་སློབ་རྣམས་ལ་སློབ་འཇུག་ཆེད་ཚད་ལྡན་ཡིག་རྒྱུགས་ཁག་ལ་གྲ་སྒྲིག་བྱས་ནས་ཁ་ཤས་ཚུད་ཀྱི་ཡོད་པ་དང་། མང་པོ་ཞིག་ཚུད་ཀྱི་མེད་པ་རེད། འོན་ཀྱང་ཕྱུག་བདག་མང་པོ་ཞིག་གིས་ལྐོག་དངུལ་ཕོན་ཆེན་སྤྲད་ནས། གཡོ་ཟོལ་གྱི་ཐབས་ལམ་བརྒྱུད་ནས་རང་གི་ཕྲུ་གུ་རྣམས། གཙུག་ལག་སློབ་གཉེར་ཁང་དེ་རིགས་ཚུད་པར་བྱས་ཡོད་པའི་གནས་ཚུལ་ཕྱིར་ཐོན་ནས། དྲ་ལམ་ཁག་ཏུ་གནས་ཚུལ་དེའི་ཐོག་བགྲོ་གླེང་ཆེན་པོ་བྱེད་བཞིན་འདུག
ཟླ་༣ པའི་ཚེས་༡༤ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ད་བར་ཨ་རིའི་ལོ་རྒྱུས་ནང་གཙུག་ལག་སློབ་གཉེར་ཁང་དུ་སློབ་འཇུག་གི་རྙོག་གྲ་ཆེ་ཤོས་སུ་བརྗོད་བཞིན་པའི་རྙོག་གྲྭའི་ཁྲོད། སྙན་གྲགས་ཆེ་བའི་གློག་བརྙན་འཁྲབ་སྟོན་པ་དང་ཚོང་པ། ཁྲིམས་རྩོད་པ་སོགས་ཕྱུག་བདག་ཁག་ཅིག་དང་། དེ་བཞིན་མཐོ་སློབ་ཏུ་སློབ་འཇུག་གི་ལམ་སྟོན་ཚོང་ལས་ཁང་གི་འགན་འཛིན། མཐོ་སློབ་ཁག་གི་རྩེད་རིགས་ཀྱི་སློབ་སྟོན་པ་སོགས་མི་གྲངས་༥༠ ལ་ཁྲིམས་ཁང་གིས་ཉེས་འཛུགས་བྱས་འདུག
དེ་ཡང་ཨ་རིའི་ནང་གི་སྙན་གྲགས་ཆེ་བའི་གཙུག་ལག་སློབ་གཉེར་ཁང་ཁག་ཏུ། སློབ་ཕྲུག་རྣམས་ཀྱིས་ལོ་མང་རིང་སློབ་འཇུག་གི་ཚད་ལྡན་ཡིག་རྒྱུགས་ལ་གྲ་སྒྲིག་བྱས་ཏེ་ཚུད་ཐབས་བྱེད་བཞིན་ཡོད་ཀྱང་། ཕྱུག་བདག་ཚོས་ལྐོག་དངུལ་ཕོན་ཆེན་སྤྲད་ནས། གཡོ་ཟོལ་གྱི་ཐབས་ལམ་ལ་བརྟེན་ནས་རང་གི་ཕྲུ་གུ་རྣམས་དཀའ་ལས་རྒྱག་མི་དགོས་པར་མཐོ་སློབ་ཁག་དེ་རིགས་ནང་སློབ་འཇུག་བྱེད་ཀྱི་ཡོད་པའི་གནས་ཚུལ་ཕྱིར་ཐོན་དུས། ཨ་རིའི་ནང་དབུལ་ཕྱུག་གཉིས་བར་གྱི་རྒྱུ་ནོར་གྱི་ཁྱད་པར་ཙམ་མིན་པར། རྒྱུ་ནོར་ལ་བརྟེན་ནས་ཤེས་ཡོན་གནས་ཚད་ལྡན་པ་ཐོབ་པའི་ཐོབ་ཐང་ལ་ཡང་ཁྱད་པར་འགྲོ་བཞིན་པ་གསལ་པོ་ཆགས་ནས་བགྲོ་གླེང་ཆེན་པོ་འགྲོ་བཞིན་འདུག
དེ་ཡང་མཐོ་སློབ་ཁག་ཏུ་སློབ་འཇུག་ལམ་སྟོན་བྱེད་མཁན་གྱི་ཚོང་ལས་ཁང་ཞིག་གི་འགན་འཛིན་གྱིས། ཕྱུག་བདག་ཁག་གི་ཕྲུ་གུ་རྣམས་སྙན་གྲགས་ཆེ་བའི་གཙུག་ལག་སློབ་གཉེར་ཁང་ཁག་ཏུ་སློབ་འཇུག་ཡོང་ཆེད་དུ། ལྐོག་དངུལ་ཕོན་ཆེན་བླངས་ཏེ། མཐོ་སློབ་སློབ་འཇུག་གི་ཚད་ལྡན་ཡིག་རྒྱུགས་གཏོང་ཡུལ་ལྟེ་གནས་ཁང་གི་ལས་བྱེད་རྣམས་ལ་ལྐོག་དངུལ་སྤྲད་ནས། ཚད་ལྡན་ཡིག་རྒྱུགས་དེ་ལ་མཁས་པའི་མི་ཞིག་གླས་ནས་ཕྱུག་བདག་གི་ཕྲུ་གུའི་ཚབ་ཏུ་ཡིག་རྒྱུགས་གཏོང་དུ་བཅུག་པའམ། ཕྲུ་གུ་དེ་དག་ལ་ཡིག་རྒྱུགས་སྐབས་རོགས་རམ་བྱེད་ནས། ཕྲུ་གུ་དེ་རིགས་མང་པོ་ཞིག་སྙན་གྲགས་ཆེ་བའི་གཙུག་ལག་སློབ་གཉེར་ཁང་ཁག་ཏུ་སློབ་འཇུག་བྱས་ཡོད་འདུག དེ་བཞིན་གཙུག་ལག་སློབ་གཉེར་ཁང་ཁག་ཏུ། རྩེད་མོའི་ནུས་རྩལ་ཕུལ་དུ་ལྡན་པ་རྣམས་ལ། རྩེད་མོ་བའི་སྡེ་ཚན་ཐོག་ནས་སློབ་འཇུག་བྱེད་རྒྱུ་ཡོད་པས། མི་དེས་མཐོ་སློབ་ཁག་གི་རྩེད་མོ་བའི་སློབ་སྟོན་པ་རྣམས་ལ་ལྐོག་དངུལ་སྤྲད་ནས། ཕྱུག་བདག་གི་ཕྲུ་གུ་དེ་རྣམས་རྩེད་མོ་ལ་ནུས་རྩལ་ཡོད་མེད་ལ་མ་ལྟོས་པར། རྩེད་མོ་བའི་ནུས་རྩལ་ཡོད་པའི་ཡིག་ཆ་རྫུན་མ་བཟོས་ནས་སློབ་འཇུག་བྱེད་ཀྱི་ཡོད་འདུག
ཉེས་འཛུགས་དེའི་ནང་གཡོ་ཟོལ་གྱི་བྱ་སྤྱོད་དེ་ཕྱི་ལོ་༢༠༡༡ ནས་༢༠༡༩ བར་བྱས་ཡོད་པ་ངོས་འཛིན་བྱས་ཡོད་ཁར། ཕྱུག་བདག་ཚོས་རང་གི་ཕྲུ་གུ་རྣམས་སྙན་གྲགས་ཆེ་བའི་གཙུག་ལག་སློབ་གཉེར་ཁང་ཁག་ཏུ་སློབ་འཇུག་ཡོང་ཆེད། ཨ་སྒོར་འབུམ་༢ ནས་ས་ཡ་༦.༥ བར་སྤྲད་མྱོང་ཡོད་པ་རེད་འདུག གནད་དོན་དེ་དང་འབྲེལ་ནས་ཨ་རིའི་མངའ་སྡེ་དྲུག་ནས་མི་འདྲ་མིན་འཇུ་བཟུང་བྱས་འདུག དེའི་ཁྲོད་ཁྲིམས་འགལ་བྱེད་མཁན་གཙོ་བོ་གསུམ་གྱིས་ནག་ཉེས་ངོས་ལེན་བྱས་ཡོད་པ་རེད་འདུག
ད་ལྟའི་ཆར་འབྲེལ་ཡོད་སློབ་ཕྲུག་རྣམས་ལ་ཉེས་འཛུགས་གང་ཡང་བྱས་མེད་ཀྱང་། མ་འོངས་པར་ཉེས་འཛུགས་བྱེད་སྲིད་པ་རེད་འདུག
དེ་སྔོན་ཨ་རིའི་སྙན་གྲགས་ཆེ་བའི་གཙུག་ལག་སློབ་གཉེར་ཁང་ཁག་ཏུ། ཨ་རིའི་མི་སེར་ཡིན་པའི་ཨེ་ཤི་ཡའི་མི་རིགས་ཀྱི་སློབ་ཕྲུག་རྣམས་སློབ་འཇུག་བྱེད་པའི་གྲངས་ཀ་ཚད་བཀག་བྱེད་ཀྱི་ཡོད་པའི་རྙོག་གླེང་ཡང་བྱུང་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།