ཨ་རིའི་མི་མང་ཁྲོད་རྒྱ་ནག་ལ་ལྟ་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པ།
ཟླ་འདིའི་ཚེས་༡༣ ཉིན་རྒྱལ་སྤྱིའི་གསར་ཁང་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། འཛམ་གླིང་གི་སྟོབས་འབྱོར་ཆེ་ཤོས་ཀྱི་རྒྱལ་ཁབ་གཉིས་ཏེ། ཨ་རི་དང་རྒྱ་ནག་དབར་ཚོང་གི་འགལ་བ་ཇེ་ཆེར་འགྲོ་བཞིན་པའི་སྐབས་འདིར། ཨ་རིའི་མི་མང་ཚོས་རྒྱ་ནག་ལ་བཟུང་བའི་ལྟ་སྟངས་སྔར་ལས་ལྡབ་ཀྱིས་ཇེ་སྡུག་ཏུ་གྱུར་ཡོད་འདུག
ཟླ་འདིའི་ཚེས་༡༣ ཉིན་རྒྱལ་སྤྱིའི་གསར་ཁང་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། འཛམ་གླིང་གི་སྟོབས་འབྱོར་ཆེ་ཤོས་ཀྱི་རྒྱལ་ཁབ་གཉིས་ཏེ། ཨ་རི་དང་རྒྱ་ནག་དབར་ཚོང་གི་འགལ་བ་ཇེ་ཆེར་འགྲོ་བཞིན་པའི་སྐབས་འདིར། ཨ་རིའི་མི་མང་ཚོས་རྒྱ་ནག་ལ་བཟུང་བའི་ལྟ་སྟངས་སྔར་ལས་ལྡབ་ཀྱིས་ཇེ་སྡུག་ཏུ་གྱུར་ཡོད་འདུག
ཟླ་འདིའི་ཚེས་༡༣ ཉིན་ཕྱིར་བསྒྲགས་བྱས་པའི་ཕེའུ་ཞིབ་འཇུག་ལྟེ་གནས་ཁང་(Pew Research Center poll) གི་ཞིབ་འཇུག་གྲུབ་དོན་ལྟར་ན། དེང་སྐབས་ཨ་རིའི་མི་མང་གི་བརྒྱ་ཆ་༦༠ ཡིས་རྒྱ་ནག་ལ་ལྟ་སྟངས་ངན་པ་འཛིན་གྱི་ཡོད་པ་དང་། དེ་ནི་ལོ་སྔོན་མའི་བརྒྱ་ཆ་༤༧ ལས་ཡར་འཕར་བ་ཡིན་པ་མ་ཟད། ༢༠༠༥ ལོར་ཞིབ་འཇུག་དེའི་འགོ་བརྩམས་པ་ནས་བཟུང་ཆེས་མཐོ་ཤོས་དེ་ཆགས་ཡོད་འདུག
དེ་ཡིས་མ་ཚད་རྒྱ་ནག་དཀའ་ཉེན་ཆེ་ཤོས་ཤིག་ཏུ་མཐོང་མཁན་གྱི་ཨ་རིའི་མི་སེར་ཡང་ཇེ་མང་དུ་འགྲོ་བཞིན་ཡོད་འདུག་སྟེ། ཕེའུ་ཞིབ་འཇུག་གི་གྲུབ་དོན་ནང་“ཨ་རིའི་མི་མང་གི་བཞི་ཆ་གཅིག་ཙམ་(བརྒྱ་ཆ་ ༢༤)གྱིས་རྒྱ་ནག་ནི་མ་འོངས་པར་ཨ་རི་ལ་དཀའ་ཉེན་ཆེ་ཤོས་བཟོ་མཁན་གྱི་རྒྱལ་ཁབ་བམ་ཚོགས་པ་ཞིག་ཡིན་པའི་མིང་འདོན་བྱས་པ་དང་། དེ་ནི་༢༠༠༧ ལོ་ལས་ལྡབ་གཅིག་འཕར་བ་ཡིན་”ཞེས་བཀོད་ཡོད་འདུག
ཕྱི་ཟླ་༥ པའི་ཟླ་དཀྱིལ་ནས་༦ ཟླ་དཀྱིལ་བར་མི་རྒན་༡,༥༠༣ གྱི་ས་ནས་བསམ་ཚུལ་བསྡུ་ལེན་བྱས་པའི་གྲུབ་དོན་དེ་ལས། ཨ་རིའི་མི་མང་བརྒྱ་ཆ་༨༠ ལྷག་གིས་རྒྱ་ནག་གི་དམག་ཤུགས་འཕེལ་རྒྱས་འགྲོ་བཞིན་པ་དེ་ཨ་རིར་མཚོན་ན་གནས་ཚུལ་སྡུག་པོ་ཞིག་ཡིན་པའི་ཡིད་ཆེས་བྱེད་པའང་གསལ་པོ་ཆགས་འདུག ཡིན་ན་ཡང་། ཁོང་ཚོས་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྟོབས་ཤུགས་ལ་དེ་འདྲའི་སེམས་འཚབ་བྱེད་ཀྱི་མེད་པ་མ་ཟད། ཨ་རི་བ་མང་པོ་ཞིག་གིས་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་དེ་ཨ་རི་ལ་གནོད་ལས་ཕན་ཆེ་བའི་ཡིད་ཆེས་བྱེད་ཀྱི་ཡོད་འདུག
གཞན་ཡང་། ཞིབ་འཇུག་གི་གྲུབ་དོན་དེས་ཨ་རིའི་ཆབ་སྲིད་ཚོགས་པ་ཁག་གི་རྗེས་འབྲང་བའི་བར་ལ་རྒྱ་ནག་གི་ཐོག་ལྟ་ཚུལ་ཅུང་མི་འདྲ་བ་འབྱུང་གི་ཡོད་པའང་བསྟན་འདུག་སྟེ། ཞིབ་འཇུག་སྙན་ཐོ་དེའི་ནང་“སྤྱིའི་ཆ་ནས་མང་གཙོ་ཚོགས་པའི་རྗེས་འབྲང་བ་དང་། སྤྱི་མཐུན་ཚོགས་པའི་རྗེས་འབྲང་བ་གཉིས་ཀས་རྒྱ་ནག་ལ་ལྟ་སྟངས་མི་ལེགས་པ་འཛིན་གྱི་ཡོད་ཀྱང་། སྤྱི་མཐུན་ཚོགས་པའི་རྗེས་འབྲང་བ་ཚོའི་ལྟ་སྟངས་དེ་གང་འཚམ་སྡུག་པ་འདུག་”ཅེས་བཀོད་ཡོད་པ་དང་། སྤྱི་མཐུན་ཚོགས་པའི་རྗེས་འབྲང་བའི་ཁྲོད་ནས་རྒྱ་ནག་ལ་ལྟ་སྟངས་མི་ལེགས་པ་འཛིན་མཁན་བརྒྱ་ཆ་༧༠ ཟིན་པ་དང་བསྡུར་ན། མང་གཙོ་ཚོགས་པའི་རྗེས་འབྲང་བའི་ཁྲོད་བརྒྱ་ཆ་༥༩ ཆགས་འདུག
ཉེ་བའི་ལོ་ངོ་འདི་དག་རིང་ཨ་རིའི་མི་མང་ཁྲོད་རྒྱ་ནག་ལ་ལྟ་ཚུལ་མི་འདྲ་བ་སྣ་ཚོགས་བྱུང་བ་དང་། ཨོ་བྷ་མའི་སྲིད་འཛིན་དུས་ཡུན་དང་པོའི་སྐབས་སུ་རྒྱ་ནག་ལ་ལྟ་ཚུལ་ངན་པ་འཛིན་མཁན་ལས་བཟང་པོ་འཛིན་མཁན་མང་བ་བྱུང་ཡང་། དུས་དེ་ནས་བཟུང་ལྟ་ཚུལ་ངན་པ་འཛིན་མཁན་ལྡབ་ཀྱིས་མང་བ་བྱུང་དང་འབྱུང་མུས་སུ་ཡོད་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།