ཨ་རིའི་མི་སེར་ཞིག་བལ་ཡུལ་དུ་ཡོང་མ་བཅུག་པར་གསལ་བཤད་དགོས་སྐོར་བརྗོད་པ།
ཟླ་འདིའི་ཚེས་ ༢༧ ཉིན་བལ་ཡུལ་གྱི་བརྒྱུད་ལམ་ཆེ་བ་ཁག་གི་ནང་འཁོད་གསལ་ལྟར་ན། གཟའ་ཕུར་བུའི་ཉིན་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་ཌི་ན་ཡོད་པའི་ཨ་རིའི་གཞུང་ཚབ་ཁང་གིས་བལ་ཡུལ་གཞུང་ལ་ཨ་རིའི་མི་སེར་ཕྱིར་སློག་དགོས་པའི་རྒྱུ་མཚན་གསལ་བཤད་དགོས་སྐོར་བརྗོད་འདུག
ཟླ་འདིའི་ཚེས་ ༢༧ ཉིན་བལ་ཡུལ་གྱི་བརྒྱུད་ལམ་ཆེ་བ་ཁག་གི་ནང་འཁོད་གསལ་ལྟར་ན། གཟའ་ཕུར་བུའི་ཉིན་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་ཌི་ན་ཡོད་པའི་ཨ་རིའི་གཞུང་ཚབ་ཁང་གིས་བལ་ཡུལ་གཞུང་ལ་ཨ་རིའི་མི་སེར་ཕྱིར་སློག་དགོས་པའི་རྒྱུ་མཚན་གསལ་བཤད་དགོས་སྐོར་བརྗོད་འདུག
དེ་ཡང་ཨ་རིའི་གཞུང་ཚབ་ཁང་གི་མགྲིན་ཚབ་པ་ཨན་ཌི-ཨར་མན (Andie De Arment) གྱིས་བལ་ཡུལ་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་འདི་ལྟར་བརྗོད་འདུག་སྟེ། “ཕྱིའི་རྒྱལ་ཁབ་ཅིག་གི་འབོད་སྐུལ་ལ་བརྟེན་ནས་བལ་ཡུལ་གཞུང་གིས་ཨ་རིའི་མི་སེར་ཞིག་ཕྱིར་སློག་བཏང་བ་དེར་ཨ་རིའི་གཞུང་ཚབ་ཁང་བདེ་པོ་མ་བྱུང་། ང་ཚོས་བལ་ཡུལ་སྲིད་གཞུང་ལ་སྤྱིར་ཨ་རིའི་མི་སེར་ཞིག་བལ་ཡུལ་ནང་འཛུལ་བར་རྒྱལ་ཁབ་གཞན་གྱི་ཆོག་མཆན་དགོས་མིན་དང་། དགོས་སུ་དོན་རྐྱེན་དམིགས་བསལ་བ་དེར་གསལ་བཤད་དགོས་ཚུལ་བཤད་ཡོད།”
བདུན་ཕྲག་གོང་མའི་རེས་གཟའ་སྤེན་པའི་ཉིན། བལ་ཡུལ་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་རེ་སྐུལ་ལྟར། བལ་ཡུལ་རྒྱལ་སྤྱིའི་གནམ་ཐང་གི་འབྲེལ་ཡོད་ལས་བྱེད་ཚོས་མིང་ལ་སྤེན་པ་ཚེ་རིང་ཟེར་བའི་མི་ཞིག་༧ཏཱ་ལའི་བླ་མའི་མངའ་འོག་ཏུ་ལས་ཀ་བྱེད་མཁན་ཡིན་པའི་ཡིད་ཆེས་ཀྱིས་ཕྱིར་སློག་བཏང་ཡང་། དོན་དངོས་ཐོག་ཁོང་ཚོས་མི་ནོར་ནས་ཕྱིར་སློག་བཏང་བ་ཡིན་པ་ལས། སྤེན་པ་ཚེ་རིང་ཞེས་པ་དེ་བོད་མིའི་སྒྲིག་འཛུགས་ཀྱི་ཨ་རིའི་དོན་གཅོད་ཟུར་པ་སྤེན་པ་ཚེ་རིང་དང་མིང་གཅིག་པ་ཡིན་པའི་ཨ་རིའི་མི་སེར་ཞིག་ཡིན་འདུག
རེས་གཟའ་སྤེན་པ་ནས་བཟུང་དོན་རྐྱེན་དེ་དང་འབྲེལ་བའི་ཞིབ་ཕྲའི་གནས་ཚུལ་རྣམས་སླེབས་ཡོད་ཅིང་། འབྲེལ་ཡོད་གནམ་ཐང་ལས་བྱེད་པ་ཚོས་བརྗོད་པ་ལྟར་ན། སྤེན་པ་ཚེ་རིང་མར་གནམ་ཐང་དུ་བབ་མ་ཐག མིང་ཐོ་ནག་པོའི་ནང་ཡོད་པའི་མི་ཞིག་ཡིན་པའི་ཉེན་རྟགས་བྱུང་བ་དང་། དེ་ནས་ཁོང་ཚོས་གྷོལ་གྷོལ་ (Google) ནང་འཚོལ་བཤེར་བྱས་ཏེ་བོད་མིའི་སྒྲིག་འཛུགས་ཀྱི་ཨ་རིའི་དོན་གཅོད་ཟུར་པ་སྤེན་པ་ཚེ་རིང་གི་བརྙན་ཐུང་རྣམས་མཐོང་བས། མི་དེ་རྒྱ་ནག་གཞུང་ཚབ་ཁང་གི་མིང་ཐོ་ནག་པོའི་ནང་ཡོད་པའི་སྤེན་པ་ཚེ་རིང་ཡིན་པར་ཡིད་ཆེས་བྱས་ཡོད་འདུག
འདྲི་རྩད་སྐབས། སྤེན་པ་ཚེ་རིང་གིས་འབྲེལ་ཡོད་ལས་བྱེད་པ་ཚོར་ཁོང་བོད་མི་ཞིག་ཡིན་ཡང། ཁོང་ཚོས་བསམས་པ་ལྟར་བཙན་བྱོལ་བོད་གཞུང་གི་འགོ་ཁྲིད་ཅིག་མིན་ཚུལ་བརྗོད་པ་མ་ཟད། བལ་ཡུལ་དུ་གྲོགས་པོ་དང་ནང་མིར་ཐུག་འཕྲད་ཆེད་རང་ཡིན་སྐོར་སྨྲས་ཡོད་འདུག་ཀྱང་། འབྲེལ་ཡོད་ལས་བྱེད་པ་ཚོས་བལ་ཡུལ་གཞུང་གི་འགྲོ་སོང་བཏང་ནས་སྤེན་པ་ཚེ་རིང་ཕྱིར་བསློགས་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།