ཨ་རིའི་མི་སེར་ཡིན་པའི་བོད་མིར་དམིགས་བསལ་དམ་དྲག་བྱེད་བཞིན་ཡོད་འདུག

ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་བོད་ནང་ཕར་འགྲོ་ཚོར་འོང་གི་འདྲ་མཉམ་ཐོབ་ཐང་གི་ཁྲིམས་དང་བསྟུན་ནས། ཕྱི་ལོ་༢༠༡༨ ལོའི་ཨ་རིའི་མི་སེར་བོད་ནང་ཕར་འགྲོ་ཚུར་འོང་གི་ཚད་གཞིའི་སྙན་ཐོ་བཏོན་པའི་ནང་། ཨ་རིའི་ལས་བྱེད་དང་གསར་འགོད་སོགས་ལ་དམ་དྲག་ཡོད་ཁར། ཨ་རིའི་མི་སེར་ཡིན་པའི་བོད་མི་རྣམས་ལ་ཐོངས་མཆན་སྤྲོད་རྒྱུར་དམིགས་བསལ་གྱིས་དམ་དྲག་བྱེད་ཀྱི་ཡོད་འདུག ཁག་ཅིག་ལ་ཐོངས་མཆན་རག་ཀྱང་བོད་ནང་དུ་འགྲོ་བསྐྱོད་བྱེད་བཅུག་མིན་པའི་གནས་ཚུལ་འཁོད་ཡོད་པ་དང་། རྒྱ་ནག་གཞུང་གིས་ཨ་རིས་ཁྲིམས་དེ་ལ་བརྟེན་ནས་རྒྱ་ནག་རྒྱལ་ནང་གི་གནས་ཚུལ་ལ་ཐེ་བྱུས་བྱེད་མི་རུང་སྐོར་བརྗོད་འདུག

ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་བོད་ནང་ཕར་འགྲོ་ཚོར་འོང་གི་འདྲ་མཉམ་ཐོབ་ཐང་གི་ཁྲིམས་དང་བསྟུན་ནས། ཕྱི་ལོ་༢༠༡༨ ལོའི་ཨ་རིའི་མི་སེར་བོད་ནང་ཕར་འགྲོ་ཚུར་འོང་གི་ཚད་གཞིའི་སྙན་ཐོ་བཏོན་པའི་ནང་། ཨ་རིའི་ལས་བྱེད་དང་གསར་འགོད་སོགས་ལ་དམ་དྲག་ཡོད་ཁར། ཨ་རིའི་མི་སེར་ཡིན་པའི་བོད་མི་རྣམས་ལ་ཐོངས་མཆན་སྤྲོད་རྒྱུར་དམིགས་བསལ་གྱིས་དམ་དྲག་བྱེད་ཀྱི་ཡོད་འདུག ཁག་ཅིག་ལ་ཐོངས་མཆན་རག་ཀྱང་བོད་ནང་དུ་འགྲོ་བསྐྱོད་བྱེད་བཅུག་མིན་པའི་གནས་ཚུལ་འཁོད་ཡོད་པ་དང་། རྒྱ་ནག་གཞུང་གིས་ཨ་རིས་ཁྲིམས་དེ་ལ་བརྟེན་ནས་རྒྱ་ནག་རྒྱལ་ནང་གི་གནས་ཚུལ་ལ་ཐེ་བྱུས་བྱེད་མི་རུང་སྐོར་བརྗོད་འདུག

ཟླ་༣ པའི་ཚེས་༢༥ ཉིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས། ཕྱི་ལོ་༢༠༡༨ ལོའི་བོད་ནང་ཕར་འགྲོ་ཚུར་འོང་གི་ཚད་གཞིའི་སྙན་ཐོ་བཏོན་ནས་གྲོས་ཚོགས་སུ་མཁོ་སྤྲོད་བྱས་འདུག་པ་དང་། སྙན་ཐོ་དེའི་ནང་རྒྱ་ནག་གཞུང་གིས་འཆར་གཞི་ལྡན་པའི་སྒོ་ནས་ཕྱི་ལོ་༢༠༡༨ ལོར་ཨ་རི་གཞུང་གི་སྐུ་ཚབ་མི་སྣ་དང་། ལས་བྱེད། གསར་འགོད་པ། ཡུལ་སྐོར་སྤྲོ་འཆམ་པ་བཅས་ལ་བོད་རང་སྐྱོང་ལྗོངས་དང་བོད་རིགས་གནས་སྡོད་ས་ཁུལ་གཞན་ཁག་གི་ནང་བསྐྱོད་པར་བཀག་འགོག་བྱས་ཡོད་པ། རྒྱལ་སྤྱིའི་གསར་འགོད་པ་དང་། གཞུང་འབྲེལ་མི་སྣ། ལས་བྱེད། ཡུལ་སྐོར་སྤྲོ་འཆམ་པ་བཅས་ནས་བོད་ནང་བསྐྱོད་རྒྱུར་རྒྱ་ནག་དབུས་གཞུང་ལ་ཆོག་མཆན་ཞུ་དགོས་པ་ལྟར་ཞུས་ཡོད་ཀྱང་། དུས་རྟག་ཏུ་རྒྱ་གཞུང་གིས་ཁོང་རྣམས་བོད་རང་སྐྱོང་ལྗོངས་ནང་བསྐྱོད་རྒྱུའི་ཆོག་མཆན་སྤྲད་མེད་པ་དང་། དེ་བཞིན་ཨ་རི་གཞུང་གི་སྐུ་ཚབ་མི་སྣ་དང་ལས་བྱེད་ཚོ་ས་གནས་བོད་མི་ཚོ་དང་ལྷན་ཐུག་འཕྲད་དང་སྐད་ཆ་བཤད་རྒྱུར་དམ་དྲག་ཡང་ཡང་བྱེད་ཀྱི་ཡོད་སྐོར་དང་། ལྷག་པར་དུ་ཨ་རིའི་མི་སེར་ཡིན་པའི་བོད་མི་རྣམས་བོད་ནང་བསྐྱོད་རྒྱུའི་ཐོངས་མཆན་སྤྲོད་རྒྱུའི་ཐད། ཨ་རིའི་མི་སེར་གཞན་དང་མི་འདྲ་བར་དམ་དྲག་ཆེན་པོ་བྱེད་ཀྱི་ཡོད་པའི་ཐོག ཐོངས་ཆན་ཐོབ་ཀྱང་བོད་ཀྱི་ས་ཁུལ་དུ་བསྐྱོད་མ་བཅུག་པའི་གནས་ཚུལ་ཁག་ཅིག་བྱུང་ཡོད་སྐོར་འཁོད་འདུག

དེ་བཞིན་སྙན་ཐོ་དེའི་ནང་ཨ་རིའི་ནང་ཡོད་པའི་བོད་མི་ཁག་ཅིག་གིས་རང་འགུལ་ཐོག་ནས་རང་གི་བྱ་སྤྱོད་ལ་འཛེམས་ཀྱི་ཡོད་པ་དང་། དེ་ཡང་རང་གི་བྱ་སྤྱོད་ལ་བརྟེན་ནས་བོད་དུ་ཡོད་པའི་རང་གི་ནང་མིར་དཀའ་ངལ་འཕྲད་པའི་ཞེད་སྣང་དང་། མ་འོངས་པར་བོད་ནང་དུ་འགྲོ་བསྐྱོད་མི་ཐུབ་པ་ཆགས་པའི་ཞེད་སྣང་བྱེད་ཀྱི་ཡོད་སྐོར་འཁོད་འདུག

སྙན་ཐོ་དེ་ཐོན་པའི་ཉིན་རྗེས་མ་ཟླ་༣ པའི་ཚེས་༢༦ ཉིན་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་གསར་འགོད་ལྷན་ཚོགས་ཐོག་ཏུ། བོད་ནང་ཕར་འགྲོ་ཚུར་འོང་གི་འདྲ་མཉམ་ཐོབ་ཐང་གི་ཁྲིམས་ཀྱིས། རྒྱལ་སྤྱིའི་འབྲེལ་ལམ་གྱི་གཞི་རྩའི་ལམ་ལུགས་ལ་རྡོག་རོལ་ཚབས་ཆེན་བཏང་ཡོད་པ་དང་། དེ་ནི་རྒྱ་ནག་རྒྱལ་ནང་གི་གནས་ཚུལ་ལ་ཐེ་བྱུས་དྲག་པོ་བྱས་པ་ཞིག་ཡིན་ཁར། ཁྲིམས་དེས་བོད་མི་ཁ་བྲལ་བ་རྣམས་ལ་བརྡ་ལན་ནོར་བ་སྤྲོད་ཀྱི་ཡོད་པ་དང་ཨ་རི་དང་རྒྱ་ནག་གཉིས་བར་གྱི་འབྲེལ་ལམ་དང་མཉམ་ལས་ལ་གནོད་སྐྱོན་ཆེན་པོ་བཟོ་རྒྱུ་ཡིན་སྐོར་དང་། རྒྱ་ནག་གཞུང་ནས་བོད་ནང་ཡུལ་སྐོར་སྤྲོ་འཆམ་པ་སོགས་ཀྱི་ལས་དོན་གཞན་གྱི་ཆེད་དུ་ཡོང་རྒྱུར་དགའ་བསུ་ཡོད་ཀྱང་། དེར་ཡོང་མཁན་ཚོས་རྒྱ་ནག་གཞུང་གིས་ཁྲིམས་དང་སྒྲིག་གཞི་བསྟུན་དགོས་ཁར། དགོས་ངེས་ཀྱི་བརྒྱུད་རིམ་ཐོག་ནས་འགྲོ་དགོས་སྐོར་དང་། ཨ་རིས་རྒྱ་ནག་དང་མཉམ་ལས་ཀྱི་ལས་དོན་ལ་དོ་ཕོག་མི་གཏོང་བའི་ཆེད། བོད་ཀྱི་གནད་དོན་བེད་སྤྱད་ནས་རྒྱ་ནག་རྒྱལ་ནང་གི་གནས་ཚུལ་ལ་ཐེ་བྱུས་བྱེད་རྒྱུ་མཚམས་འཇོག་ཡོང་བའི་རེ་སྐུལ་ཡང་བྱས་ཡོད་འདུག

དེ་ཡང་ཕྱི་ལོ་༢༠༡༤ ལོ་ནས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་བོད་དོན་རྒྱབ་སྐྱོར་བའི་ཚོགས་པ་ཁག་དང་། ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་བཅས་མཉམ་དུ་འབྲེལ་མཐུད་བྱས་ཏེ་འབད་བརྩོན་བྱས་ཏེ། ལས་འགུལ་ཁང་དེའི་ཚོགས་མི་དང་། ཨ་རིའི་མི་སེར་ཡིན་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་བཅས་ཁྲིམས་འཆར་དེར་རྒྱབ་སྐྱོར་བྱེད་མཁན་སྟོང་ཕྲག་མང་པོས། རང་ཁོངས་ཀྱི་གྲོས་ཚོགས་འཐུས་མི་ཚོར་འབྲེལ་བ་བྱས་ཏེ་ཁྲིམས་འཆར་དེར་རྒྱབ་སྐྱོར་བྱེད་པའི་འབོད་སྐུལ་བསྟུད་མར་བྱས་ནས། ཕྱི་ལོ་༢༠༡༨ ལོའི་ཟླ་༩ པའི་ཚེས་༢༥ ཉིན་གྲོས་ཚོགས་འོག་མའི་ནང་སྤྱི་མོས་རྒྱབ་སྐྱོར་ཐོབ་ནས་གྲོས་ཚོགས་གོང་མར་བཏང་ཡོད་པ་དང་། ཟླ་༡༢ པའི་ཚེས་༡༡ ཉིན་གྲོས་ཚོགས་གོང་མའི་ནང་སྤྱི་མོས་ཐོག་རྒྱབ་སྐྱོར་ཐོབ་རྗེས། ཨ་རིའི་སྲིད་འཛིན་ཊོམ་གྱིས་ཟླ་༡༢ པའི་ཚེས་༡༩ ཉིན་ཁྲིམས་འཆར་དེར་མིང་རྟགས་བཀོད་ནས་དངོས་སུ་ཁྲིམས་ལ་གཏན་འབེབས་བྱུང་ཡོད་པ་རེད།

ཁྲིམས་འཆར་དེ་ཁྲིམས་སུ་གཏན་འབེབས་བྱུང་རྗེས། ཉིན་གྲངས་༩༠ ཡི་ནང་ཚུད་དུ་ཨ་རིའི་ཕྱི་སྲིད་ལས་ཁང་གི་དྲུང་ཆེས། བོད་ནང་དུ་ཨ་རིའི་མི་སེར་འགྲོ་བསྐྱོད་ཀྱི་ཚད་གཞིའི་ཐོག་ཉམས་ཞིབ་བྱས་ཏེ། འགྲོ་བསྐྱོད་བཀག་འགོག་བྱེད་པའི་ལས་དོན་དང་འབྲེལ་བ་ཡོད་པའི་རྒྱ་ནག་གི་ལས་བྱེད་རྣམས་ངོས་འཛིན་བྱས་པའི་སྙན་ཐོ་ཞིག་གྲོས་ཚོགས་གོང་འོག་གཉིས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་དང་། ཁྲིམས་ཞིབ་ལས་དོན་ཚོགས་ཆུང་བཅས་ཁག་སོ་སོར་མཁོ་སྤྲོད་བྱེད་དགོས་ཀྱི་ཡོད་འདུག་པ་དང་། དེའི་རྗེས་ཀྱི་ལོ་ལྔ་ཡི་རིང་བསྟུད་མར་སྙན་ཐོ་དེ་མཁོ་སྤྲོད་བྱེད་དགོས་ཀྱི་ཡོད་འདུག གལ་ཏེ་རྒྱ་ནག་གིས་བོད་ནང་ཕར་འགྲོ་ཚུར་འོང་གི་འདྲ་མཉམ་ཐོབ་ཐང་གི་ཁྲིམས་ལག་བསྟར་མ་བྱས་ཚེ། ཨ་རིའི་ཕྱི་སྲིད་ལས་ཁང་གིས་འབྲེལ་ཡོད་རྒྱ་ནག་གི་ལས་བྱེད་རྣམས་ཨ་རིར་བསྐྱོད་པའི་ཐོངས་མཆན་སྤྲོད་རྒྱུ་བཀག་འགོག་བྱེད་དགོས་ཀྱི་ཡོད་འདུག་པས། ཐེངས་འདིར་སྙན་ཐོ་དང་པོ་དེ་ཐོན་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།