ཨ་རིའི་སྐུ་ཚབ་དྷ་སར་ཕེབས་པ་དང་བསྟུན་ཞི་ཅིན་ཕིང་བོད་ཀྱི་དགོན་པར་འགྲོ་བཞིན་འདུག
ཟླ་འདིའི་ཚེས་༡༨ ཨ་རིའི་སྐུ་ཚབ་རྣམས་བཞུགས་སྒར་དྷ་རམ་ས་ལ་འབྱོར་བའི་ཉིན་མོར། ཞི་ཅིན་ཕིང་མཚོ་སྔོན་ཕྱོགས་སུ་བོད་ཀྱི་ས་ཆར་སླེབས་ཡོད་འདུག་པ་དང་། སྐབས་དེར་བོད་ཀྱི་དགོན་པ་ཙོང་ཁ་དགོན་བརྩེ་ཆེན་དར་རྒྱས་གླིང་དང་ཟི་ལིང་གྲོང་ཁྱེར་དུ་ཡོད་པའི་མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་ཞེས་པར་ལྟ་སྐོར་ཕྱིན་ཡོད་འདུག་པ་དང་། ཞི་ཅིན་ཕིང་སླེབ་སྐབས་ས་གནས་བོད་མི་ཚོར་དམ་དྲག་ཆེན་པོ་བྱས་ཡོད་པའི་གནས་ཚུལ་ཡང་འདུག རྒྱ་ནག་གཞུང་འབྲེལ་གྱི་བརྒྱུད་ལམ་ཁག་ཏུ་“གནས་དེས་སློབ་གསོའི་བྱ་བའི་ཤར་ནུབ་རྒྱུད་རོགས་རེས་དང་ཁ་གཏད་རོགས་སྐྱོར་བྱ་བར་སྐུལ་འདེད་གཏིང་ཟབ་བཏང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་བཏང་བའི་སློབ་གསོ་དང་བོད་བརྒྱད་ནང་བསྟན་ལས་རིགས་ཀྱིས་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་བཏང་བ་སོགས་ཀྱི་གནས་ཚུལ་རྒྱུས་ལོན”བཅས་ཀྱི་ཆེད་དུ་ཡིན་པར་བཀོད་འདུག ལྷོ་རྒྱ་ནག་གི་ཞོགས་པའི་ཆ་འཕྲིན་གྱིས་གནས་ཚུལ་སྤེལ་བའི་ནང་།
ཞི་ཅིན་ཕིང་དགོན་པ་འདིར་འགྲོ་དོན་ནི་བོད་ཀྱི་ནང་པའི་རིག་གཞུང་ལ་དོ་སྣང་བྱེད་བཞིན་ཡོད་པ་སྟོན་ཆེད་དང་། གཞན་ཡང་སྔོན་མ་ཞི་ཅིན་ཕིང་གི་ཕ་ཞི་ཀྲུང་ཞུན་ཟེར་བ་དེ་རྒྱ་ནག་དམར་ཤོག་ཚོགས་པའི་ནུབ་བྱང་ལས་ཁུངས་ཀྱི་དྲུང་ཡིག་གཞོན་པ་དང་ནུབ་བྱང་དམག་དོན་དང་ཆབ་སྲིད་ཀྱི་འཐུས་མི་ལྷན་ཁང་གི་ཚོགས་གཙོ་གཞོན་པ་ཡིན་སྐབས། མའོ་ཡི་བཀའ་བཞིན་ཕྱི་ལོ ༡༩༥༡ ལོའི་ཟླ ༡༢ ཚེས ༡༥ སོགས་ལ་དགོན་དེར་བཞུགས་པའི་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གི་གམ་དུ་ཐེངས་འགར་བཅར་ཚུལ། ཐེངས་གཅིག་མའོ་ཡིས་པཎ་ཆེན་རིན་པོ་ཆེ་གཞིས་ཀ་རྩེར་ཕྱིར་ཕེབས་འཇུག་དགོས་པའི་བཀའ་བཏང་ཚུལ་སོགས་དང་། ཁོའི་ཕ་དང་རྒྱ་ནག་གི་ཆབ་སྲིད་ཐོག་ནས་དགོན་པ་དེ་གལ་ཆེན་པོ་བརྩི་གི་ཡོད་པ་སྟེ། ལོ་གསུམ་གྱི་གོང་ཞི་ཅིན་ཕིང་དེར་སླེབ་སྐབས་བོད་དང་ཤར་ཏུར་ཀི་སི་ཐན་ཁུལ་གྱི་བརྟན་བརླིང་རྒྱུན་འཛིན་བྱེད་པར་ཐབས་ཇུས་ཀྱི་ཆ་ནས་གལ་གནད་ཆེ་བའི་ས་ཆ་ཞིག་ཡིན་ལུགས་འགྲེལ་བརྗོད་བྱས་ཡོད་པར་བཀོད་འདུག ཁ་སང་ཡང་ཞི་ཆིན་ཕིང་གིས་ཁོ་རང་གི་ཕ་དང་པཎ་ཆེན་རིན་པོ་ཆེ་ལྷན་དུ་འཕྲད་པའི་སྐོར་གྱི་སྒྲུང་སོགས་དང་། དེ་བཞིན་ས་གནས་ཀྱི་སློབ་གསོ་ཇེ་ཟབ་ཏུ་བཏང་ནས་རྒྱ་ནག་རྒྱལ་ཁབ་ལ་ཁྱིམ་སྡེའི་འདུ་ཤེས་བརྟན་པོ་ཞིག་བསྐྲུན་རྒྱུ་དང་། བོད་བརྒྱུད་ནང་བསྟན་གྱི་ཆོས་དང་རྒྱལ་ཁབ་གཉིས་ཀར་བརྩེ་བའི་སྲོལ་རྒྱུན་སྲ་བརྟན་བཟོ་རྒྱུ། དེ་བཞིན་ཡར་རྒྱས་ཕྱིན་པའི་ཤར་ཕྱོགས་ཀྱི་ཞིང་ཆེན་ཁག་ནས་སློབ་གསོའི་རོགས་སྐྱོར་ཐོབ་པ་བཅས་ལ་དམིགས་པ་ཡིན་ལུགས་སོགས་བཤད་ཡོད་འདུག གཞན་ཡང་གསར་ཁང་དེས། ད་ཐེངས་ཞི་ཅིན་ཕིང་གི་འགྲུལ་བཞུད་དེ་བོད་ཀྱི་གནད་དོན་ཐོག་ཨ་རྒྱའི་དབར་ལ་སྔངས་འཚབ་ཆེ་རུ་འགྲོ་བཞིན་པའི་སྐབས་འདིར་བྱུང་ཡོད་པ་སྟེ། བདུན་ཕྲག་སྔོན་མ་དེར་ཨ་རིའི་གྲོས་ཚོགས་ཀྱིས་བོད་དོན་སྲིད་ཇུས་ཀྱི་ཁྲིམས་འཆར་གསར་པ་ཞིག་གཏན་འབེབས་བྱས་ཤིང་། ཁྲིམས་འཆར་དེས་ཨ་རིས་བོད་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ་དང་། རྒྱ་ནག་གཞུང་གིས་བོད་དང་འབྲེལ་བའི་ལོ་རྒྱུས་དང་མི་མང་། སྒྲིག་འཛུགས་བཅས་ཀྱི་སྐོར་ལ་གནས་ཚུལ་རྫུན་མ་བཤད་པ་དེར་ཁ་གཏད་གཅོག་རྒྱུའི་ཆེད་དུ་ཡིན་པའི་སྐོར། ཁ་སང་གཟའ་ལྷག་པའི་ཉིན་རྒྱ་ནག་གཞུང་གིས་ཆོས་ལུགས་ཀྱི་མིང་འོག་ནས་རྒྱ་ནག་ལ་ངོ་རྒོལ་གྱིས་ཁ་བྲལ་རིང་ལུགས་ཀྱི་ལས་འགུལ་སྤེལ་གྱི་ཡོད་ཅེས་འགྲེལ་བརྗོད་བྱེད་བཞིན་པའི་བོད་ཀྱི་ཆོས་ལུགས་དབུ་ཁྲིད་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་དང་མཇལ་བཅར་ཞུས་ཏེ། ཁོང་ཚོས་ཡང་སྲིད་འདེམས་སྒྲུག་ལ་རྒྱ་ནག་གིས་ཤུགས་རྐྱེན་སྤྲོད་མི་འཇུག་པ་དང་། པེ་ཅིང་ལ་ཁོང་དང་ལྷན་དུ་གྲོས་མོལ་བསྐྱར་གསོ་བྱེད་པར་གནོན་ཤུགས་སྤྲོད་རྒྱུ་ཡིན་སོགས་བཤད་ཡོད་པའི་སྐོར་དང་། དེ་བཞིན་ད་ཆར་བོད་ཀྱི་གནད་དོན་ནི་ཨ་རྒྱ་གཉིས་ཀྱིས་སྔངས་འཚབ་བྱེད་ས་ཞིག་ཏུ་གྱུར་ཡོད་ཚུལ་སོགས་བཀོད་འདུག གཞན་ཡང་ད་ཐེངས་ཞི་ཅིན་ཕིང་མཚོ་སྔོན་ཞིང་ཆེན་གྱི་འགོ་ཁྲིད་དག་དང་ཐུག་སྐབས་རྒྱ་ཆེ་ལ་སྣ་ཁ་མང་བའི་བོད་ཀྱི་གཏེར་རིགས་ཁྲོད་ནས་བོད་ཀྱི་གཏེར་རྫས་ཁ་ཤས་ཐོག་དམིགས་བསལ་གླེང་སློང་བྱས་ཡོད་འདུག ཞི་ཅིན་ཕིང་གིས་དེ་སྔོན་ཟི་ལིང་གྲོང་ཁྱེར་དུ་བཅའ་སྡོད་རྒྱ་ནག་གི་དམག་ཁུལ་ཞིག་དང་། མཚོ་ཤར་ཁུལ་གྱི་ཧོར་རིགས་གྲོང་ཚོ་ཞིག མཚོ་ནུབ་ཁུལ་གྱི་ན་གོར་མོ་གྲོང་ཁྱེར་གྱི་གདང་ལ་རི་བོའི་གྲོང་བརྡལ་གྱི་བོད་རིགས་གྲོང་སྡེ་ཞིག་བཅས་སུ་ལྟ་སྐོར་དང་། ཐེངས་གཉིས་པའི་སྐབས་མདོ་སྨད་རྐང་ཚ་དང་ཟི་ལིང་ཁུལ་གྱི་བོད་རིགས་ཚོར་ཐུག་འཕྲད་ཀྱིས་བརྗོད་དོན་གཙོ་བོ་དགོན་སྡེ་ཁག་གི་རྒྱལ་གཅེས་ཆོས་གཅེས་དྲིལ་བསྒྲགས་དང་། མི་རིགས་མཐུན་སྒྲིལ་སོགས་ཀྱི་དྲིལ་བསྒྲགས་སྤེལ་ཡོད་པ་རེད་ལ། ད་ཐེངས་ཀྱང་ཨ་རིས་བོད་ལ་འཛིན་པའི་སྲིད་ཇུས་ཀྱི་འགྱུར་འགྲོས་ལ་བརྟེན་ནས་ཞི་ཅིན་ཕིང་བོད་ཀྱི་དགོན་པ་དང་སློབ་གྲྭར་བསྐྱོད་ཡོད་པ་རེད། ཁ་སང་ཨ་རིའི་སྐུ་ཚབ་རྣམས་ཕེབས་སྐབས་རྒྱ་གཞུང་གི་མགྲིན་ཚབ་པས་༧གོང་ས་མཆོག་སོགས་ལ་དགག་པ་བརྒྱབས་པའི་བརྙན་ཞིག་འཁྱུག་དབྱིངས་སམ་ཏོ་ཡེང་ཟེར་བའི་རྒྱའི་བརྙན་ཐུང་སྤེལ་སའི་བརྒྱུད་ལམ་གཞུང་འབྲེལ་གྱིས་སྤེལ་འདུག་ལ། བརྙན་དེར་མཆན་འགོད་མཁན་བོད་མིང་ཡོད་པ་གཅིག་ཀྱང་མཐོང་རྒྱུ་མེད་རུང་། བོད་པའི་གཞོན་སྐྱེས་རྣམས་ཡིན་མདོག་གིས་ང་ཚོ་བོད་པའི་གཞོན་སྐྱེས་ཤིག་ཡིན་པའི་ཆ་ནས། རང་རྒྱལ་ལ་དགའ་ཞེན་དང་། ཏང་ལ་ཡིད་ཆེས། ནམ་ཡང་ཏང་གི་རྗེས་སུ་འབྲང་རྒྱུ། ཏཱ་ལའི་ཁ་ཕྲལ་རུ་ཚོགས་དང་ནུབ་ཕྱོགས་ཀྱི་གཡོ་ཇུས་འོག་ཏུ་མི་འགྲོ་བ་སོགས། མཆན་འདྲ་བོ་འདྲ་བོ་གྲངས་མེད་དུ་འགོད་བཅུག་འདུག་པས། ནམ་རྒྱུན་༧གོང་ས་མཆོག་གི་གསུང་ཆོས་དང་བོད་ཀྱི་བརྙན་འཕྲིན་གལ་ཆེའི་ཐད་གཏོང་སོགས་ལ་བལྟས་ན། དེ་ནི་སྒོར་ཟུར་ལྔ་པའི་གླས་དམག་སྟེ་ད་ཐེངས་མི་མང་ནང་ཟིང་ཆ་མི་ཡོང་བ་དང་བློ་འགུགས་ཆེད་ཡིན་ངེས་སུ་འདུག།
གསར་འགོད་པ། བསྟན་འཛིན་ལམ་བཟང་།