ཨ་རིའི་སྲིད་འཛིན་གཞོན་པ་ཁ་མ་ལ-ཧ་རེ་སི་ཡིས་རྒྱ་ནག་ལ་སྐྱོན་བརྗོད་དྲག་པོ་བྱས་འདུག
ཨ་རིའི་སྲིད་འཛིན་གཞོན་པ་ཁ་མ་ལ-ཧ་རེ་སི་(Kamala Harris) ཡིས་“རྒྱ་ནག་གི་བྱ་སྤྱོད་ཀྱིས་མུ་མཐུད་ཁྲིམས་དང་སྒྲིག་གཞི་ལ་བརྟེན་པའི་ལམ་ལུགས་གཏོར་བཤིག་བཏང་ནས། རྒྱལ་ཁབ་རྣམས་ཀྱི་བདག་དབང་ལ་ཉེན་ཁ་བཟོ་ཡི་ཡོད་”ཅེས་བརྗོད་དེ་རྒྱ་ནག་ལ་སྐྱོན་བརྗོད་དྲག་པོ་བྱས་འདུག
ཁ་སང་རེས་གཟའ་ཟླ་བའི་ཉིན་ཨ་རིའི་སྲིད་འཛིན་གཞོན་པས་སིང་གྷ་པུར་(Singapore) དུ་བྷ་ཌན་སྲིད་གཞུང་གི་ཕྱི་འབྲེལ་སྲིད་བྱུས་ཀྱི་སྒྲོམ་གཞི་མཚོན་པའི་གཏམ་བཤད་གལ་ཆེན་ཞིག་གནང་བའི་ནང་། ཁོང་གིས་རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་དུ་ཧམ་ཤེད་ངོམ་བཞིན་པར་སྐྱོན་བརྗོད་དང་། ཨ་རིའི་ངོས་ནས་ས་ཁུལ་དེ་དག་ཏུ་ཆགས་པའི་མཐུན་གྲོགས་རྒྱལ་ཁབ་རྣམས་ལ་འགྱུར་མེད་ཀྱི་རྒྱབ་སྐྱོར་བྱེད་རྒྱུ་ཡིན་སྐོར་བཤད་འདུག
ཨ་རིའི་དམག་དཔུང་ཕྱིར་འཐེན་བྱས་པར་བརྟེན་ནས་ཨབ་གྷ་ནི་སི་ཐན་ཏ་ལི་བྷན་ཁ་ཆེའི་ཚོགས་པའི་ལག་ཏུ་ཤོར་བ་དེས། བྷ་ཌན་སྲིད་གཞུང་ལ་སྐྱོན་བརྗོད་དང་བློ་གཏད་རུང་མིན་གྱི་དོགས་འདྲི་ཚབས་ཆེན་འབྱུང་བཞིན་པའི་དུས་སྐབས་འདིར། སྲིད་འཛིན་གཞོན་པ་ཁ་མ་ལ-ཧ་རེ་སི་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ཏུ་བདུན་ཕྲག་གཅིག་གི་གཟིགས་སྐོར་དུ་བསྐྱོད་དེ་མཐུན་གྲོགས་རྒྱལ་ཁབ་ཚོའི་ཡིད་ཆེས་བློ་གཏད་འགུགས་རྒྱུར་འབད་བརྩོན་བྱེད་ཀྱི་ཡོད།
ཁོང་རེས་གཟའ་ཉི་མའི་ཉིན་སིང་གྷ་པུར་དུ་འབྱོར་བ་དང་། ཁ་སང་རེས་གཟའ་མིག་དམར་ཉིན་བྷ་ཌན་སྲིད་གཞུང་གི་རྒྱ་ནག་ལ་ཁ་གཏད་གཅོག་རྒྱུ་གཙོ་བོའི་གཙོ་བོར་བཟུང་པའི་ཕྱི་འབྲེལ་སྲིད་བྱུས་སྐོར་གྱི་གཏམ་བཤད་གལ་ཆེན་ཞིག་གནང་ཡོད་འདུག
གཏམ་བཤད་དེའི་ནང་དུ། ཁོང་གིས་“ང་ཚོས་པེ་ཅིང་གིས་མུ་མཐུད་བཙན་ཤེད་ངོམ་པ་དང་། འཇིགས་སྣང་སྐུལ་བ། ལྷོ་རྒྱ་ནག་རྒྱ་མཚོའི་ཤ་ཆས་ཕལ་མོ་ཆེ་ཁོ་ཚོའི་ཡིན་ཚུལ་གྱི་ཧམ་བཤད་བྱེད་བཞིན་ཡོད་པ་ཤེས་ཀྱི་ཡོད་”ཅེས་བརྗོད་པའི་ཐོག “པེ་ཅིང་གི་བྱ་སྤྱོད་ཀྱིས་མུ་མཐུད་ཁྲིམས་དང་སྒྲིག་གཞི་ལ་རྟེན་པའི་ལམ་ལུགས་གཏོར་བཤིག་བཏང་ནས། རྒྱལ་ཁབ་རྣམས་ཀྱི་བདག་དབང་ལ་ཉེན་ཁ་བཟོ་བཞིན་ཡོད་”ཅེས་བསྣན་པ་མ་ཟད། རྒྱ་ནག་གི་ཉེན་ཁའི་གདོང་དུ་ཨ་རི་“ང་ཚོའི་མཐུན་གྲོགས་རྒྱལ་ཁབ་ཚོ་དང་ལྷན་དུ་ལངས་རྒྱུ་ཡིན་”ཞེས་བསྒྲགས་འདུག
གཞན་ཡང་། སྲིད་འཛིན་གཞོན་པ་ཁོང་གིས་སིནང་གྷ་པུར་དུ་སྒར་བཏབ་པའི་ཨ་རིའི་མཚོ་དམག་དང་མཇལ་འཕྲད་གནང་ནས། མཚོ་དམག་རྣམས་ལ་“དུས་རབས་ཉེར་གཅིག་གི་ལོ་རྒྱུས་ཀྱི་ཆ་ཤས་ཆེན་པོ་ཞིག་ས་ཁུལ་འདི་རང་དུ་འབྱུང་ངེས་”པས། ས་ཁུལ་འདི་སྲུང་བའི་ཁྱོད་ཚོའི་ལས་འགན་དེ་ཤིན་ཏུ་གལ་ཆེན་པོ་ཆགས་ཀྱི་ཡོད་ཅེས་སྨྲས་འདུག
དེ་བཞིན། སྲིད་འཛིན་བྷ་ཌན་གྱིས་ཀྱང་ཐེངས་གཅིག་མིན་ལ་རྒྱ་ནག་ནི་ཨ་རིའི་ཁ་གཏད་གཙོ་བོ་དེ་ཡིན་པ་དང་། ཨ་རིས་བློ་རིག་བསྒྲིམས་ནས་རྒྱ་ནག་ལ་ཁ་གཏད་གཅོག་རྒྱུ་ཡིན་སྐོར་གསུང་གི་ཡོད་ལ། རྒྱལ་སྤྱིའི་ཆབ་སྲིད་ཉམས་ཞིབ་པ་ཚོས། ཨ་རིས་ཨབ་གྷ་ནི་སི་ཐན་ནས་དམག་དཔུང་ཕྱིར་འཐེན་བྱེད་པའི་དམིགས་ཡུལ་གཙོ་བོ་དེ་ཡང་། གླིང་ཆེན་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་ཁུལ་དུ་དམིགས་པ་གཏད་དེ་ཨ་རིའི་དབང་ཤུགས་རྒྱ་སྐྱེད་ཀྱིས་རྒྱ་ནག་ལ་ཁ་གཏད་གཅོག་པའི་ཆེད་དུ་ཡིན་སྐོར་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་རེད། །
གསར་འགོད་པ་དཀོན་མཆོག་རབ་བརྟན།