ཨ་རིའི་སྲིད་འཛིན་གྱིས་ཨུ་རུ་སུའི་སྲིད་འཛིན་ལ་དམག་དོན་ནག་ཉེས་ཀྱི་ཁྲིམས་གཏུགས་བྱེད་དགོས་ཟེར།
ཟླ་འདིའི་ཚེས་༥ ཉིན་བྷི་བྷི་སི་གསར་ཁང་གིས་དྲ་ཐོག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཨུ་རུ་སུའི་དམག་དཔུང་གིས་ཡུག་རེན་གྱི་ནང་དུ་བཙན་གནོན་བྱས་པའི་དོགས་གཞི་ཅན་གྱི་དཔང་རྟགས་ཐོན་བཞིན་ཡོད་པས། ཨ་རིའི་སྲིད་འཛིན་གྱིས་ཨུ་རུ་སུའི་སྲིད་འཛིན་ལ་དམག་དོན་ནག་ཉེས་ཀྱི་ཁྲིམས་གཏུགས་བྱེད་དགོས་ཞེས་བརྗོད་ཡོད་འདུག
ཟླ་འདིའི་ཚེས་༥ ཉིན་བྷི་བྷི་སི་གསར་ཁང་གིས་དྲ་ཐོག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཨུ་རུ་སུའི་དམག་དཔུང་གིས་ཡུག་རེན་གྱི་ནང་དུ་བཙན་གནོན་བྱས་པའི་དོགས་གཞི་ཅན་གྱི་དཔང་རྟགས་ཐོན་བཞིན་ཡོད་པས། ཨ་རིའི་སྲིད་འཛིན་གྱིས་ཨུ་རུ་སུའི་སྲིད་འཛིན་ལ་དམག་དོན་ནག་ཉེས་ཀྱི་ཁྲིམས་གཏུགས་བྱེད་དགོས་ཞེས་བརྗོད་ཡོད་འདུག
ཡུག་རེན་གྱི་རྒྱལ་ས་ཀེབ(Kyiv)ཉེ་འགྲམ་དུ་ཡོད་པའི་བྷུ་ཆ(Bucha)ཞེས་པའི་ས་ཁུལ་དུ་མི་སེར་དཀྱུས་མ་མང་པོ་དམར་གསོད་བྱས་པའི་དོགས་གཞི་བྱུང་ཡོད་པ་དང་། ད་ལྟའི་ཆར་རྒྱལ་སྤྱིའི་ཐོག་ནས་མི་མང་པོ་ཁོང་ཁྲོ་ཆེན་མོ་ཟ་བཞིན་ཡོད་པ་མ་ཟད། ཨ་རིའི་སྲིད་འཛིན་གྱིས་མི་དེ་ནི་སྡུག་རྩུབ་ཅན་ཞིག་རེད་ཅེས་བརྗོད་ཡོད་པའི་ཐོག སྐུ་ཞབས་པོ་ཊིན་ནི་དམག་དོན་ནག་ཉེས་ཅན་ཞིག་ཡིན་པ་ངས་ངོས་འཛིན་བྱེད་ཀྱི་ཡོད་ཅེས་ཀྱང་བརྗོད་པའི་གནས་ཚུལ་ཐོན་འདུག
གཞན་ཡང་། ཨ་རི་གཞུང་འབྲེལ་མི་སྣས་ཁོང་ཚོས་རྒྱལ་སྤྱིའི་ཁྲིམས་གཏུགས་བྱེད་མཁན་གྱི་རུ་ཁག་བྷུ་ཆ་ས་ཁུལ་དུ་བསྐྱོད་ནས་དཔང་རྟགས་མཁོ་སྒྲུབ་བྱེད་པར་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཅེས་བརྗོད་ཡོད་འདུག
དེ་མིན་ཨུ་རུ་སུས་བཙན་གནོན་དོགས་གཞི་ཡོད་པའི་པར་དེ་དག་ནི་ཡུག་རེན་གྱིས་འཁྲབ་སྟོན་བྱས་པ་ཞིག་ལས་དཔང་རྟགས་གང་ཡང་མེད་ཅེས་བརྗོད་ཡོད་འདུག
ཡུག་རེན་གྱི་རྒྱལ་ས་ཀེབ་ས་ཁུལ་དུ་མི་སེར་དཀྱུས་མ་༤༡༠ ཡི་ཕུང་པོ་རྙེད་པའི་རྗེས་སུ་ཡུག་རེན་གཞུང་གིས་དེ་ནི་དམག་དོན་ནག་ཉེས་ཅན་ཞིག་ཡིན་མིན་ཐོག་ལ་རྟོག་ཞིབ་བྱེད་རྒྱུ་འགོ་འཛུགས་བྱས་ཡོད་འདུག་ལ། མི་སེར་གྱི་ཕུང་པོའི་ཁྲོད་དུ་ཁ་ཤས་ཀྱི་ལག་པ་བསྡམ་ཡོད་པ་དང་ཁ་ཤས་ནི་ཐག་ཉེ་ས་ནས་མེ་མདའ་བརྒྱབ་ཡོད་པ་གསལ་བོ་མངོན་ཡོད་པའི་གནས་ཚུལ་ཐོན་འདུག དེ་བཞིན་ཀེབ་གཞུང་འབྲེལ་མི་སྣས་བརྗོད་གསལ་ལྟར་ན། Motoyzhyn ཞེས་པའི་ས་ཁུལ་དུ་ཡུག་རེན་གྱི་དམག་དཔུང་ལ་རོགས་པ་བྱས་པའི་རྒྱུ་མཚན་གྱིས་ཨུ་རུ་སུའི་དམག་དཔུང་གིས་ས་ཁུལ་དེ་ཡི་འགོ་དཔོན་དང་ཁོའི་བུ་གཉིས་བསད་པའི་གནས་ཚུལ་བརྗོད་ཡོད་འདུག
ཨ་རིའི་སྲིད་འཛིན་གྱིས་ངས་པོ་ཊིན་ནི་དམག་དོན་ནག་ཉེས་ཅན་ཞིག་རེད་ཟེར་དུས་ང་ལ་སྐྱོན་བརྗོད་བྱས་པ་ཕལ་ཆེར་ཁྱེད་ཀྱིས་དྲན་གྱི་ཡོད་རྒྱུ་རེད།ད་ལྟ་བྷུ་ཆ་ས་ཁུལ་དུ་གང་བྱུང་བ་དེ་ཁྱེད་ཀྱིས་མཐོང་གསལ་རེད། ཁོ་ནི་དམག་དོན་ནག་ཉེས་ཅན་ཞིག་རེད་ཅེས་བརྗོད་ཡོད་འདུག་ལ་བྷུ་ཆ་ས་ཁུལ་དུ་གསར་རྙེད་བྱུང་བའི་གནས་ཚུལ་དེ་ནི་ཉེས་སྤྱོད་ཚབས་ཆེན་ཞིག་རེད། ཁོང་གི་དམག་དཔུང་གིས་ཡུག་རེན་དུ་མནར་གཅོད་བྱས་པ་དེ་སྲིད་འཛིན་པོ་ཊིན་ལ་འགན་ལེན་བཅུག་རྒྱུ་དེ་གལ་ཆེན་རེད་ཅེས་བརྗོད་འདུག
འཇར་མ་ནི་ཡིས་བྷུ་ཆ་ཡི་ནང་དུ་ཐོན་པའི་གནས་ཚུལ་དེ་ལ་ལན་འདེབས་ཀྱི་ཆེད་དུ་ཨུ་རུ་སུའི་སྐུ་ཚབ་མི་༤༠ ཕྱིར་ཕུད་བཏང་ཡོད་འདུག་ལ། དེ་བཞིན་ཕི་རན་སི་གཞུང་གིས་ཨུ་རུ་སུའི་ལས་བྱེད་མང་པོ་ཕྱིར་ཕུད་བཏང་ཡོད་ཅེས་བརྗོད་ཡོད་ཀྱང་། མི་ག་ཚོད་ཕྱིར་ཕུད་བཏང་ཡོད་པར་གསལ་པོ་མེད་པའི་གནས་ཚུལ་ཐོན་འདུག དེ་བཞིན་ལི་ཐོ་ནི་ཡ་རྒྱལ་ཁབ་ཀྱིས་ཀྱང་ཡུག་རེན་ནང་དུ་མནར་གཅོད་དེ་ནི་ཨུ་རུ་སུའི་དམག་དཔུང་གིས་བྱས་པ་ཞིག་རེད་ཟེར་ནས་ཨུ་རུ་སུའི་གཞུང་ཚབ་ཕྱིར་ཕུད་བཏང་ཡོད་པའི་གནས་ཚུལ་སྤེལ་འདུག
མོ་སི་ཁོ་(Moscow) གཞུང་ཚབ་ཁང་གིས་ནུབ་ཕྱོགས་རྒྱལ་ཁབ་དག་གིས་བྷུ་ཆ་ས་ཁུལ་གྱི་གནས་ཚུལ་ཐོག་སྤེལ་བའི་བསྒྲགས་གཏམ་དག་ནི་རྫུན་མ་ཡིན་པ་དང་ཨུ་རུ་སུས་དངོས་ཡོད་ཀྱི་དཔང་རྟགས་ཤིག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྲུང་སྐྱོབ་ལྷན་ཁང་ལ་ཕུལ་རྒྱུ་ཡིན་ཞེས་བརྗོད་པའི་གནས་ཚུལ་ཁག་ཅིག་བྷི་བྷི་སི་གསར་ཁང་ཐོག་ཏུ་སྤེལ་འདུག །
གསར་འགོད་པ་རྒྱ་མཚོ།