ཨ་རིའི་སྲིད་འཛིན་འོས་མི་གཉིས་དངོས་སུ་ཐུག་ནས་བགྲོ་གླེང་བྱ་རྒྱུ་ཡིན་འདུག

ABCཀྱི་གསར་ལམ་པར།

འབྱུང་འགྱུར་ཕྱི་ཟླ་༡༡ ནང་ཨ་རིའི་སྲིད་འཛིན་འོས་བསྡུ་ཡིན་འདུག་པ་དང་། འོས་བསྡུའི་ཆེད་དུ་ཨ་རིའི་དམངས་གཙོ་ཚོགས་པ་དང་སྤྱི་མཐུན་ཚོགས་པ་གཉིས་ཀའི་འོས་མི་བདམས་ཟིན་ནས། བདུན་ཕྲག་འདིའི་རྒྱ་གར་གྱི་རེས་གཟའ་ལྷག་པའི་ཞོགས་པར་འོས་མི་གཉིས་དངོས་སུ་ཐུག་ནས་བགྲོ་གླེང་འཚོགས་འཆར་ཡོད་འདུག 

ཕྱི་ཚེས་༩ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་ལྟར་ན། བདུན་ཕྲག་འདིའི་རྒྱ་གར་གྱི་རེས་གཟའ་ལྷག་པའི་ཞོགས་པར་ཨ་རིའི་ (ABC )གསར་ཁང་གི་འཛམ་གླིང་གསར་འགྱུར་དགོང་མོ་ཞེས་པའི་ལེ་ཚན་གྱི་གཙོ་སྐྱོང་བ་(David Muir)ཌེ་ཝིཌ་མུར་དང་། གསར་འགོད་པ་(Linsey Davis)ལིན་སི་ཌེ་ཝིས་གཉིས་ཀྱིས་(Philadelphia)ཕི་ལ་ཌེལ་ཕི་ཡའི་གྲོང་ཁྱེར་དུ་ཡོད་པའི་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལྟེ་གནས་ཞེས་པའི་སྒེར་གྱི་ཁེ་ལས་མ་ཡིན་པའི་སློབ་གསོའི་ལྟེ་གནས་དང་འགྲེམས་སྟོན་ཁང་དུ་བགྲོ་གླེང་དེ་གཙོ་སྐྱོང་བྱ་རྒྱུ་ཡིན་འདུག

དེ་སྔོན་དམངས་གཙོ་ཚོགས་པའི་འོས་མི་ཇོ་བྷ་ཌན་དང་སྤྱི་མཐུན་ཚོགས་པའི་འོས་མི་ཌོ་ནལ་ཊམ་གཉིས་བར་བགྲོ་གླེང་ཚོགས་རྗེས། དམངས་གཙོ་ཚོགས་པའི་འོས་མི་ཇོ་བྷ་ཌན་མ་འོངས་པའི་སྲིད་འཛིན་འོས་བསྡུའི་རྒྱལ་ཁ་འཐོབ་རྒྱུའི་རེ་བ་མེད་པ་ལྟ་བུ་ཞིག་མཐོང་ནས། དམངས་གཙོ་ཚོགས་པའི་ནང་ཁུལ་དུ་ཁོང་ལ་དགོངས་པ་ཞུ་དགོས་པའི་དགོས་འདུན་བཏོན་རྗེས་ད་ལྟའི་ལས་ཐོག་སྲིད་འཛིན་འོས་མི་ནས་དགོངས་པ་ཞུས་ཡོད་པ་རེད། ཇོ་བྷ་ཌན་གྱི་ཚབ་དུ་ཀ་མ་ལ་ཧ་རེ་སི་དམངས་གཙོ་ཚོགས་པའི་སྤྱི་མོས་ཀྱིས་འདེམས་ཐོན་བྱུང་ཡོད་པ་བཞིན། ཁོང་མོ་ལ་དམངས་གཙོ་ཚོགས་པའི་མི་མང་གི་ངོས་ནས་རྒྱབ་སྐྱོར་ཆེད་དུ་ཞལ་འདེབས་ཨ་སྒོར་ས་ཡ་༣༦༩ ཙམ་བྱུང་ཡོད་འདུག་པ་དང་། སྲིད་འཛིན་ཟུར་པ་དང་ད་ལྟའི་སྤྱི་མཐུན་ཚོགས་པའི་འོས་མི་ཌོ་ནལ་ཊམ་ལ་ད་བར་མི་མང་ནས་རྒྱབ་སྐྱོར་གྱི་ཆེད་དུ་ཨ་སྒོར་ས་ཡ་༡༣༠ ཙམ་ཞལ་འདེབས་བྱུང་ཡོད་འདུག

ནིའུ་ཡོག་དུས་བབ་གསར་ཁང་གིས་མི་མང་ཁྲོད་ཉམས་ཞིབ་བྱེད་དུས་ཊོ་ནལ་ཊམ་ལ་མི་མང་གི་བརྒྱ་ཆ་༤༨ དང་ཀ་མ་ལ་ཧ་རེ་སི་ལ་བརྒྱ་ཆ་༤༧ གྱིས་རྒྱབ་སྐྱོར་ཡོད་པ་ཤེས་རྟོགས་བྱུང་ཡོད་འདུག སྤྱིར་ཐེངས་འདིའི་བགྲོ་གླེང་དེས་མི་མང་ཁྲོད་ཀ་མ་ལ་ཧ་རེ་སི་ཡིས་ཊོ་ནལ་ཊམ་ཁ་གཏད་གཅོག་ཐུབ་ཀྱི་ཡོད་མེད་ཚོད་དཔག་བྱེད་རྒྱུའི་གོ་སྐབས་ཤིག་ཡིན་པར་རྗོད་མཁན་མང་པོ་ཡོད་འདུག བགྲོ་གླེང་ནང་གླེང་སློང་བྱེད་རྒྱུའི་གནད་དོན་མང་པོ་ཞིག་ཡོད་པའི་ནང་ནས་གཙོ་བོ་དཔལ་འབྱོར་གྱི་སྲིད་བྱུས་དང་། ཕྲུག་གུ་མངལ་ནས་མེད་པ་བཟོ་ཆོག་མིན་གྱི་ཁྲིམས་འཆར། ཕྱི་མི་གཞིས་སྤོ་སོགས་ཀྱི་གནད་དོན་རྣམས་གླེང་སློང་གཙོ་བོ་བྱེད་རྒྱུ་ཡིན་འདུག ཀ་མ་ལ་ཧ་རེ་སིས་ད་བར་ཁོང་མོ་སྲིད་འཛིན་ཆགས་ན་ཕྱི་འབྲེལ་སྲིད་བྱུས་གང་འདྲ་འཛིན་མིན་ཐད་གང་ཡང་བཤད་ཡོད་མི་འདུག་ལ། ཕྱི་འབྲེལ་སྲིད་བྱུས་སྐོར་བཤད་དུས་རྒྱ་ནག་དང་འབྲེལ་ལམ་འཛུགས་ཕྱོགས་ཐད་ཨ་རི་ལ་གལ་འགངས་ཆེན་པོ་ཆགས་ཀྱི་ཡོད་འདུག་པས། དེ་རིང་གི་བགྲོ་གླེང་ནང་དེའི་སྐོར་གླེང་སློང་ཡོང་རྒྱུའི་རེ་བ་བྱེད་ཀྱི་ཡོད་འདུག 

སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱིས་བཤད་དོན། ཁོང་མ་འོངས་པའི་སྲིད་འཛིན་ཆགས་ན་ཁོས་རྒྱ་ནག་ནས་ནང་འདྲེན་བྱེད་ཀྱི་ཡོད་པའི་དངོས་ཟོག་ཚང་མའི་ཐོག་བརྒྱ་ཆ་ ༦༠ ཡི་ཁྲལ་འགེལ་རྒྱུ། དེ་བཞིན་ ༢༠༡༧ ལོའི་ཁྲལ་ཆག་ཡང་དང་ལས་ཀའི་བཅའ་ཁྲིམས་ནས་སྒེར་གྱི་རྒྱུ་ནོར་བརྗེ་སྤོའི་ཁྲལ་ཆག་ཡང་བཏང་བ་རྣམས་རྒྱུན་གནས་བྱེད་རྒྱུ་ཡིན་པར་བཤད་ཡོད། དེ་ནི་ཁོས་དུས་ཡུན་དང་པོའི་སྐབས་སུ་ཁྲིམས་ལུགས་སུ་གཏན་འབེབས་བྱས་པའི་ཁྲིམས་ཡིག་ཅིག་ཡིན་འདུག་པར་བརྟེན། མ་འོངས་པར་ཌོ་ནལ་ཊམ་སྲིད་འཛིན་ཆགས་ན་དེ་སྔོན་ཁོང་སྲིད་འཛིན་ཡིན་དུས་ཀྱི་སྲིད་བྱུས་རྣམས་གཅིག་མཚུངས་ལྟ་བུ་ཞིག་ལས། གཞན་སྲིད་བྱུས་གསར་པ་དེ་འདྲ་ཉུང་ཉུང་ཡིན་པ་ཚོད་དཔག་བྱེད་ཀྱི་ཡོད་འདུག

ཨ་རིའི་མངའ་སྡེ་མང་པོའི་ནང་སྲིད་འཛིན་འོས་བསྡུའི་སྐོར་བསམ་ཚུལ་བསྡུ་ལེན་བྱེད་དུས། མི་མང་ཆེ་བས་ཨ་རིའི་ངོས་ནས་རྒྱ་ནག་དང་ལྷན་དུ་ཕྱི་འབྲེལ་སྲིད་བྱུས་འཛིན་ཕྱོགས་ཐད་དོ་སྣང་ཆེན་པོ་བྱེད་དགོས་པ་དང་། ད་ཆར་རྒྱ་ནག་སྟོབས་ཤུགས་ཆེན་པོ་འགྱུར་བཞིན་པའི་སྐབས་སུ་ཨ་རིའི་ངོས་ནས་ཕྱི་འབྲེལ་གྱི་སྲིད་བྱུས་འགྱུར་བ་གཏོང་དགོས་པར་རྗོད་མཁན་མང་པོ་ཡོད་འདུག

གསར་འགོད་པ། བསོད་ནམས་ཕུན་ཚོགས། 

ཁྱེད་ཀྱིས་གཟིགས་མེད་སྲིད།