ཨ་རིས་གསང་བའི་ངང་རྒྱ་ནག་གི་གཞུང་ཚབ་མི་སྣ་ཕྱིར་འཕུད་བཏང་འདུག
རྒྱ་ནག་གི་གཞུང་ཚབ་མི་སྣ་གཉིས་རང་དགར་ཨ་རིའི་དམག་སྒར་ཞིག་ཏུ་འཛུལ་རྗེས། ཨ་རིའི་གཞུང་ནས་གསང་བའི་ངང་ཁོ་གཉིས་ཕྱིར་འཕུད་བཏང་ཡོད་འདུག
རྒྱ་ནག་གི་གཞུང་ཚབ་མི་སྣ་གཉིས་རང་དགར་ཨ་རིའི་དམག་སྒར་ཞིག་ཏུ་འཛུལ་རྗེས། ཨ་རིའི་གཞུང་ནས་གསང་བའི་ངང་ཁོ་གཉིས་ཕྱིར་འཕུད་བཏང་ཡོད་འདུག
དེ་ཡང་ཟླ་འདིའི་ཚེས་༡༥ ཉིན་ནིའུ་ཡོག་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འདི་ལོའི་འགོ་སྟོད་ལ་རྒྱ་ནག་གི་གཞུང་ཚབ་མི་སྣ་གཉིས་ཨ་རིའི་མངའ་སྡེ་ཝིར་ཇིན་ནི་ཡ་(Virginia) རུ་ཡོད་པའི་དམག་སྒར་གལ་ཆེན་ཞིག་ཏུ་འཛུལ་རྗེས། ཨ་རིའི་གཞུང་ནས་གསང་བའི་ངང་ཁོ་གཉིས་ཕྱིར་འཕུད་བཏང་བ་དང་། གནས་ཚུལ་དེས་ཝ་ཤིན་ཏྲོན་དང་པེ་ཅིང་གི་འགལ་ཟླ་ཤུགས་ཆེ་རུ་བསྒྱུར་ཡོད་འདུག
གནས་ཚུལ་དེར་རྒྱུས་མངའ་ལྡན་པའི་མི་རྣམས་ཀྱིས་གསར་ཁང་དེར་བརྗོད་པ་ལྟར་ན། ཨ་རིའི་འབྲེལ་ཡོད་འགོ་ཁྲིད་ཚོས་བཟའ་ཟླ་དང་ལྷན་དུ་ཨ་རིའི་དམག་སྒར་དུ་འཛུལ་མཁན་རྒྱ་མིའི་ལས་བྱེད་གཉིས་ལས། མ་མཐར་ཡང་གཅིག་ནི་གཞུང་ཚབ་མི་སྣའི་མིང་བྱང་ཁུར་ནས་གསང་ཉུལ་གྱི་ལས་དོན་སྒྲུབ་མཁན་ཡིན་པའི་ཡིད་ཆེས་བྱེད་ཀྱི་ཡོད་འདུག
ནིའུ་ཡོག་དུས་བབ་གསར་ཁང་ནས་སྤེལ་བའི་རྩོམ་ཡིག་དེའི་ནང་། འདི་ལོའི་སྟོན་ཁར་རྒྱ་ནག་གི་གཞུང་ཚབ་མི་སྣ་གཉིས་ཀྱིས་སོ་སོའི་བཟའ་ཟླ་དང་ལྷན་དུ་རླངས་འཁོར་བསྐོར་ནས་མངའ་སྡེ་ཝིར་ཇིན་ནི་ཡ་(Virginia)ལ་རྟེན་གཞི་བྱས་པའི་དམར་སྒར་གལ་ཆེན་ཞིག་ཏུ་ཕྱིན་འདུག་ཅིང་། དམག་སྒར་གྱི་སྒོ་སྲུང་མི་སྣས་ཁོ་ཚོ་ལ་ནང་དུ་འཛུལ་བྱེད་ཀྱི་ཆོག་མཆན་མེད་པ་ཤེས་རྗེས། ཁོ་ཚོ་རྒྱལ་སྒོ་ལས་བསྐོར་ནས་ཕྱིར་ལོག་དགོས་ཚུལ་བཤད་མོད། འོན་ཀྱང་ཁོ་ཚོས་སྒོ་སྲུང་གི་ཁ་ལ་མ་ཉན་པར་མུ་མཐུད་ནང་དུ་ཕྱིན་པར་བརྟེན། མཇུག་མཐར་མེ་གསོད་རླངས་འཁོར་བཀོལ་ནས་བཙན་གྱིས་ཁོ་ཚོའི་རླངས་འཁོར་འགོག་དགོས་ཁེལ་ཡོད་འདུག
མཚམས་དེར་རྒྱ་ནག་གི་གཞུང་ཚབ་མི་སྣ་དེ་གཉིས་ཀྱིས་ཁོང་ཚོས་སྒོ་སྲུང་བས་བཤད་པའི་དབྱིན་ཇིའི་གོ་བརྡ་མ་འཕྲོད་སྟབས། ལམ་ནོར་ཐེབས་པ་ཙམ་ཡིན་ཚུལ་བཤད་འདུག་མོད། འོན་ཀྱང་ཨ་རིའི་འབྲེལ་ཡོད་མི་སྣ་ཚོས་ཁོ་གཉིས་ཀྱི་དབྱིན་ཇིའི་ཆུ་ཚད་དེ་སྒོ་སྲུང་བའི་བཀའ་རྒྱ་མི་གོ་བའི་ཚད་ལ་ཡོད་པ་དང་། ཁོ་གཉིས་ཀྱིས་ཉེས་མེད་ཀྱི་ནོར་འཁྲུལ་ཞིག་བསགས་པ་ཙམ་ཡིན་པ་དེར་ཡིད་ཆེས་བྱས་མེད་འདུག
རྒྱ་ནག་གི་གཞུང་ཚབ་མི་སྣ་དེ་གཉིས་དམག་སྒར་དུ་ཅི་ཞིག་བྱེད་དུ་ཡོང་བ་ཡིན་པ་གསལ་པོ་མེད་རུང་། ཨ་རིའི་འབྲེལ་ཡོད་མི་སྣ་འགའ་ཤས་ཀྱིས་ཁོ་གཉིས་དེར་དམག་སྒར་གྱི་ཉེན་སྲུང་རྟོག་ཞིབ་བྱེད་དུ་ཡོང་བའི་ཡིད་ཆེས་བྱེད་ཀྱི་ཡོད་འདུག་ཅིང་། གལ་སྲིད་ཁོ་གཉིས་བཀག་འགོག་མེད་པར་དམག་སྒར་དུ་འགྲོ་ཐུབ་པ་ཡིན་ན། “རྒྱ་ནག་གཞུང་ཚབ་ཁང་ནས་ཁོ་གཉིས་ལས་ཆེ་བའི་མི་སྣ་གཏོང་འཆར་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་འདུག”
འདི་ལོའི་ཕྱི་ཟླ་༡༠ ནང་ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་རྒྱ་ནག་གི་གཞུང་འབྲེལ་མི་སྣ་ཚོ་ཆེད་དུ་བཀག་རྒྱའི་སྒྲིག་ལམ་གསར་པ་ཞིག་བཞག་པ་དང་། སྒྲིག་ལམ་གསར་པ་དེའི་འོག་རྒྱ་ནག་གི་འགོ་ཁྲིད་ཚོས་ཨ་རིའི་མངའ་སྡེ་དང་ས་གནས་ཀྱི་དཔོན་པོའམ། ཡང་ན་མཐོ་སློབ་དང་སློབ་གྲྭ་ཁག་ལ་གཞུང་འབྲེལ་གྱི་ཐུག་འཕྲད་དང་ལྟ་སྐོར་བྱེད་སྐབས། དེ་དོན་སྔོན་ཚོད་ནས་ཨ་རིའི་སྲིད་གཞུང་ལ་ཡར་ཞུ་བྱེད་དགོས་པ་བཟོས་ཡོད།
སྒྲིག་ལམ་གསར་པ་དེ་འཇོག་པའི་སྐབས་དེར། ཨ་རིའི་གཞུང་ནས་དེའི་རྒྱུ་མཚན་ལ་རྒྱ་ནག་གིས་ལོ་མང་སྔོན་ནས་རྒྱ་ནག་ཏུ་ཡོད་པའི་ཨ་རིའི་གཞུང་འབྲེལ་མི་སྣ་ཚོའི་འགྲོ་འདུག་ལ་ཚད་བཀག་བཞག་ཡོད་སྟབས། དེའི་ཡ་ལན་དང་རྒྱལ་ཁབ་གཉིས་ཀྱི་གཞུང་འབྲེལ་མི་སྣ་རྣམས་ཀྱི་འགྲོ་འདུག་གི་དབང་ཚད་ཆ་སྙོམ་དང་འདྲ་མཉམ་བཟོ་ཆེད་ཡིན་ཚུལ་བཤད་ཡོད་ལ། དེ་བཞིན་བདུན་ཕྲག་གོང་མར་ཨ་རིའི་འགོ་ཁྲིད་གཉིས་ཀྱིས་སྒྲིག་ལམ་གསར་པ་དེ་འཇོག་པའི་སྐབས། ཨ་རིས་རྒྱ་ནག་ལ་ཡ་ལན་སློག་ཆེད་དེ་འདྲ་ཞིག་འཇོག་རྒྱུའི་བསམ་བློ་བཏང་ནས་གང་འཚམ་ཕྱིན་ཡོད་པའི་ཐོག དམག་སྒར་དུ་བྱུང་བའི་གནས་ཚུལ་དེས་སྒྲིག་ལམ་དེ་འཇོག་པའི་རྒྱུ་རྐྱེན་གཙོ་བོ་བྱས་ཡོད་ཚུལ་བཤད་ཡོད་འདུག
ཨ་རིས་རྒྱ་ནག་གི་གཞུང་ཚབ་མི་སྣ་ཕྱིར་འཕུད་བཏང་བ་དེར་རྒྱ་ནག་གི་ངོས་ནས་ད་བར་འཁོན་ལན་གང་ཡང་སློག་ཡོད་པའི་གནས་ཚུལ་མེད་པ་དང་། ནིའུ་ཡོག་དུས་བབ་གསར་ཁང་གིས་ཆེད་དུ་ཨ་རིའི་ཕྱི་འབྲེལ་ལས་ཁུངས་དང་། ཝ་ཤཱིན་ཏྲོན་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་གཉིས་ལ་གནས་ཚུལ་དེའི་སྐོར་སྐད་ཆ་དྲིས་པར། ཕྱོགས་གཉིས་ཀས་ལན་གང་ཡང་བཏབ་མི་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།