ཨ་རིས་ཐའེ་ཝན་ལ་བདེ་སྲུང་ཆེད་དུ་ཨ་སྒོར་ས་ཡ་༥༦༧ སྤྲད་རྒྱུ་རེད་འདུག

The Hindu ཞེས་པའི་གསར་ལམ་གྱི་པར།

རྒྱ་ནག་གིས་ཐའེ་ཝན་དེ་རྒྱ་ནག་གི་ཞིང་ཆེན་ཞིག་ཡིན་པས། གང་མགྱོགས་ཟླ་སྒྲིལ་གཏོང་རྒྱུ་ཡིན་ཚུལ་བརྗོད་ནས། མཚོ་དམག་དང་གནམ་དམག་གཉིས་ཐོག་ནས་འཇིགས་སྐུལ་ཡང་ཡང་བྱེད་ཀྱི་ཡོད་པའི་དུས་སྐབས་འདིར། ཨ་རིའི་ངོས་ནས་བདེ་སྲུང་ཆེད་དུ་ཨ་སྒོར་ས་ཡ་༥༦༧ སྤྲོད་རྒྱུའི་བཀའ་འཁྲོལ་ཐོབ་ཡོད་འདུག

ཕྱི་ཚེས་༣༠ ཉིན་(The Hindu )ཟེར་བའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། འདི་ལོའི་ཕྱི་ཟླ་༤ ནང་ཨ་རིའི་གཞུང་གིས་ཐའེ་ཝན་གྱི་བདེ་སྲུང་ཆེད་དུ་ཨ་སྒོར་ཐེར་འབུམ་འགའ་ཤས་སྤྲོད་རྒྱུར་ཁས་ལེན་བྱས་ཡོད་འདུག་པ་བཞིན། ཁ་སང་ཕྱི་ཚེས་༢༩ ཉིན་ཨ་རིའི་སྲིད་འཛིན་ཇོ་བྷ་ཌན་གྱིས་ཐའེ་ཝན་གྱི་བདེ་སྲུང་ཆེད་དུ་ཨ་སྒོར་ས་ཡ་༥༦༧ སྤྲོད་རྒྱུའི་བཀའ་འཁྲོལ་ཐོབ་ཡོད་འདུག ཨ་རིའི་ཕོ་བྲང་དཀར་པོའི་ངོས་ནས། ད་ཆར་ཐའེ་ཝན་ལ་རྒྱ་ནག་ནས་འཇིགས་སྐུལ་དང་གནོན་ཤུགས་སླེབ་བཞིན་པའི་སྐབས་སུ་ཨ་རིས་རོགས་རམ་བྱེད་རྒྱུའི་ཐག་གཅོད་བྱས་ཡོད་པ་དང་། ཐའེ་ཝན་དམག་དོན་ལྷན་ཁང་གིས་དམག་མི་རྣམས་ལ་དམག་སྦྱོང་སྤྲོད་ཆེད་དང་། དམག་ལ་གོ་མཚོན་སོགས་ཀྱི་རོགས་རམ་སྤྲོད་ཆེད། ཨ་སྒོར་ས་ཡ་༥༦༧ སྤྲོད་རྒྱུ་ཡིན་ཞེས་བརྗོད་ཡོད་འདུག 

ཨ་རིའི་གཞུང་འབྲེལ་གྱི་ངོས་ནས་ཐའེ་ཝན་དེ་རྒྱལ་ཁབ་གཅིག་ལ་ངོས་འཛིན་བྱེད་ཀྱི་མེད་ཀྱང་། བདེ་སྲུང་གི་ཆེད་དུ་རོགས་རམ་བྱེད་ཀྱི་ཡོད་པའི་སྐབས་སུ་རྒྱ་ནག་གིས་ཨ་རིའི་ངོས་ནས་གོ་མཚོན་གྱི་ཐོག་ནས་ཐའེ་ཝན་ལ་རོགས་རམ་བྱེད་མི་ཆོག་པའི་སྐྱོན་བརྗོད་བྱེད་ཀྱི་ཡོད་འདུག ལོ་སྔོན་མའི་ཕྱི་ཟླ་༧ པའི་ནང་ཨ་རིས་ཐའེ་ཝན་ལ་ཨ་སྒོར་ས་ཡ་༣༤༥ སྤྲོད་རྒྱུའི་བཀའ་འཁྲོལ་ཐོབ་ཡོད་འདུག རྒྱ་ནག་གིས་དེ་དག་ལ་དུས་ནས་དུས་སུ་སྐྱོན་བརྗོད་དང་། ཨ་རིའི་ངོས་ནས་དེ་དག་མཚམས་འཇོག་བྱེད་དགོས་པའི་དགོས་འདུན་འདོན་གྱི་ཡོད་འདུག་ལ། ཐའེ་ཝན་ནི་རྒྱ་ནག་གི་མངའ་ཁུལ་གཅིག་ཡིན་པས། ཟླ་སྒྲིལ་གཏོང་རྒྱུ་ནི་གཡོལ་ཐབས་མེད་པ་ཞིག་རེད་ཅེས་རྗོད་ཀྱི་ཡོད་འདུག 

གསར་འགོད་པ། བསོད་ནམས་ཕུམ་ཚོགས།

ཁྱེད་ཀྱིས་གཟིགས་མེད་སྲིད།