ཨ་རིས་འཇིགས་སྐུལ་རིང་ལུགས་པའི་འགོ་ཁྲིད་གལ་ཆེན་ཞིག་བསད་འདུག 

ཕྱི་ལོ་༢༠༠༡ ལོའི་ཟླ་༩ པའི་ཚེས་༡༡ ཉིན་ཁ་ཆེ་འཇིགས་སྐུལ་རིང་ལུགས་པའི་ཚོགས་པ་ཨལ་ཁེའུ་ཌས་ཨ་རིར་དྲག་རྒོལ་བྱས་ཏེ། མི་མང་སྟོང་ཕྲག་གསུམ་མ་ཟིན་ཙམ་བསད་ཡོད་པ་དང་། ཨ་རིས་ལོ་ངོ་༢༠ ལས་མང་བའི་རྗེས་སུ། དྲག་རྒོལ་དེའི་འཆར་གཞི་འཐེན་མཁན་གཙོ་བོར་ངོས་འཛིན་བྱེད་ཡུལ་འཇིགས་སྐུལ་རིང་ལུགས་པ་ཨཱལ་ཛཱ་ཝ་རཱི་བསད་ཐུབ་ཡོད་པ་རེད་འདུག 

ཟླ་༨ པའི་ཚེས་༡ ཉིན་ཨ་རིའི་སྲིད་འཛིན་རྗོ་བྷའེ་ཌན་གྱིས་མང་ཚོགས་ལ་གཏམ་བཤད་ཅིག་སྤེལ་ནས། ཨ་རིས་ཨབ་གྷ་ནི་སེ་ཐན་གྱི་རྒྱལ་ས་ཀཱ་བྷུལ་ནང་དུ་རང་ལོ་༧༡ ལ་སོན་པའི་ཁ་ཆེ་འཇིགས་སྐུལ་རིང་ལུགས་པའི་ཚོགས་པ་ཨལ་ཁེའུ་ཌའི་འགོ་ཁྲིད་(Ayman al-Zawahiri)ཨཱལ་ཛཱ་ཝ་རཱི་བསད་ཡོད་པ་དང་། འཇིགས་སྐུལ་རིང་ལུགས་པ་དེས་ད་བར་ཨ་རིར་དྲག་རྒོལ་ཐེངས་མང་པོའི་འཆར་གཞི་འཐེན་མཁན་ཞིག་ཡིན་པའི་ཐོག ཕྱི་ལོ་༢༠༠༡ ལོའི་ཟླ་༩ པའི་ཚེས་༡༡ ཉིན་མི་མང་གསུམ་སྟོང་ཙམ་བསད་པའི་དྲག་རྒོལ་དེའི་འགན་གཙོ་བོ་ཡོད་མཁན་ཞིག་ཡིན་པས། ཐེངས་འདིར་ཁོ་བསད་ནས་ཚེ་སྲོག་ཤོར་མཁན་གྱི་ཨ་རིའི་མི་མང་དང་དེ་དག་གི་ནང་མིར་དྲང་བདེན་སྤྲད་ཐུབ་ཡོད་སྐོར་དང། ཨ་རིའི་བདེ་འཇགས་ལ་ཉེན་ཚབས་བཟོ་མཁན་འཇིགས་སྐུལ་རིང་ལུགས་པ་གཞན་ཚོར་ཡང་སྔ་ཕྱི་མ་གཏོགས་ཨ་རིས་བཙལ་ནས་གསོད་རྒྱུ་ཡིན་པའི་སྡིགས་བསྐུལ་བྱས་འདུག 

ཕྱི་ལོ་༢༠༡༡ ལོའི་ཟླ་༥ པའི་ནང་ཨ་རིས་སྐབས་དེའི་ཁ་ཆེ་འཇིགས་སྐུལ་རིང་ལུགས་པའི་ཚོགས་པ་ཨལ་ཁེའུ་ཌའི་འགོ་ཁྲིད་དང་། འཛམ་གླིང་ནང་ཕྱི་ལོ་༢༠༠༡ ལོའི་ཟླ་༩ པའི་ཚེས་༡༡ ཉིན་ཨ་རིར་དྲག་རྒོལ་གྱི་འགོ་ཁྲིད་གཙོ་བོར་ངོས་འཛིན་བྱེད་ཡུལ་བྷེན་ལ་ཌན་བསད་རྗེས། ཚོགས་པ་དེའི་འགོ་ཁྲིད་ཨཱལ་ཛཱ་ཝ་རཱི་ཆགས་ཡོད་འདུག་པ་དང་། ཁོ་ནི་བྷེན་ལ་ཌན་གྱི་ལག་པ་གཡོན་མར་ངོས་འཛིན་བྱེད་ཀྱི་ཡོད་ཁར། ཆེད་ལས་པ་ཁག་ཅིག་གིས་ཨ་རིར་ཟླ་༩ པའི་ཚེས་༡༡ ཉིན་གྱི་དྲག་རྒོལ་དེའི་འཆར་གཞི་འཐེན་མཁན་གཙོ་བོ་ནི་ཁོ་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད་འདུག 

དེ་ཡང་ཨ་རིའི་གསང་བའི་ལས་ཁུངས་ཀྱིས་ལོ་འདིའི་མགོ་སྟོད་ནས་ཁོ་གང་དུ་ཡོད་པ་ཤེས་རྟོགས་བྱུང་ཡོད་པ་དང་། ཐེངས་འདིར་ཨ་རིའི་སྲིད་འཛིན་གྱི་ཆོག་མཆན་འོག་ཁ་ལོ་བ་མེད་པའི་གནམ་གྲུ་ཌེ་རོན་བེད་སྤྱོད་བཏང་ནས། འཇིགས་སྐུལ་རིང་ལུགས་པ་དེའི་ཐོག་ཏུ་མེ་ཤུགས་འཕུར་མདའ་འཕངས་ནས་བསད་ཡོད་པ་རེད་འདུག ཨ་རིས་བརྗོད་དོན་ལྟར་ན། སྐབས་དེར་ཁོང་སྡོད་ཡུལ་གྱི་ཁང་པའི་ནང་དུ་ཁོའི་བུ་མོ་དང་དེའི་ཕྲུ་གུ་ཡོད་ཀྱང་། ཁོང་གཉིས་ལ་གནོད་འཚེ་བཏང་མེད་སྐོར་བརྗོད་འདུག 

སྤྱིར་བཏང་ཨ་རི་དང་ཨབ་གྷ་ནི་སེ་ཐན་གྱི་ཏ་ལི་བྷན་སྲིད་གཞུང་གཉིས་བར་གྲོས་མཐུན་བཞག་ནས། ཨབ་གྷན་ནང་དུ་འཇིགས་སྐུལ་རིང་ལུགས་པ་སྲུང་སྐྱོབ་དང་ཉར་འཇོག་མི་བྱེད་པའི་ཁས་ལེན་བྱུང་ཡོད་འདུག་ཀྱང་། ཐེངས་འདིར་ཨལ་ཁེའུ་ཌའི་འགོ་ཁྲིད་ཨབ་གྷན་གྱི་རྒྱལ་སར་ཡོད་པའི་གནས་ཚུལ་ཐོན་རྗེས། ཏ་ལི་བྷན་ངོ་ཚ་བོ་ཆགས་ཡོད་པ་རེད་འདུག ཨ་རིའི་མཐོ་རིམ་ལས་བྱེད་ཅིག་གིས་ཏ་ལི་བྷན་གྱི་རྒྱབ་སྐྱོར་མེད་པར། འཇིགས་སྐུལ་རིང་ལུགས་པ་དེ་ཨབ་གྷན་གྱི་རྒྱལ་སར་གནས་སྡོད་བྱེད་ཐུབ་ཐབས་མེད་སྐོར་བརྗོད་འདུག 

ཏ་ལི་བྷན་གྱི་མགྲིན་ཚབ་པས་ཨ་རིའི་དྲག་རྒོལ་དེ་ནི་རྒྱལ་སྤྱིའི་ཁྲིམས་ལུགས་དང་མཐུན་གྱི་མེད་པའི་སྐྱོན་བརྗོད་བྱས་ཡོད་འདུག དེ་ཡང་ཨ་རིས་དྲག་རྒོལ་དེའི་སྔོན་ལ་ཏ་ལི་བྷན་གཞུང་ལ་བརྡ་ལན་གང་ཡང་སྤྲད་མེད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།