ཨ་རིས་རྒྱ་ནག་གི་གསར་འགོད་པའི་ཁ་གྲངས་ལ་ཚད་བཀག་གསར་པ་བཞག་སྟེ་རྒྱ་ནག་ལ་འཁོན་ལན་བསློགས་འདུག
རྒྱ་ནག་གཞུང་ནས་རྒྱུན་དུ་ཨ་རི་དང་ཕྱི་རྒྱལ་གྱི་གསར་འགོད་པའི་ཐོག་དམ་དྲག་ནན་པོ་བྱེད་བཞིན་ཡོད་པའི་ཐོག ཟླ་སྔོན་མར་ཨ་རིའི་གསར་ཁང་གྲགས་ཅན་ Wall Street Journal ཡི་གསར་འགོད་པ་གསུམ་རྒྱ་ནག་ནས་ཕྱིར་འཕུད་བཏང་བའི་ལན་དུ། ཊོམ་སྲིད་གཞུང་ནས་ཨ་རིར་ཡོད་པའི་རྒྱ་ནག་གི་གཞུང་འབྲེལ་གསར་ཁང་ལྔ་ཡི་ལས་མིའི་བརྒྱ་ཆ་ ༤༠ ཉུང་དུ་གཏོང་དགོས་པའི་ཚད་བཀག་གསར་པ་ཞིག་བཞག་འདུག
དེ་ཡང་ཟླ་ ༣ པའི་ཚེས་ ༢ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། རེས་གཟའ་ཟླ་བའི་ཉིན་ཊོམ་སྲིད་གཞུང་ནས་ཨ་རིར་ཡོད་པའི་རྒྱ་ནག་གི་གཞུང་འབྲེལ་གསར་ཁང་ལྔའི་ལས་མིའི་ཁ་གྲངས་ཕྱེད་ཀ་མ་ཟིན་ཙམ་ཉུང་དུ་གཏོང་དགོས་པའི་བཀའ་ཁྱབ་གསར་པ་བསྒྲགས་པ་དང་། དེའི་རྒྱུ་མཚན་ལ་ཟླ་སྔོན་མར་རྒྱ་ནག་གིས་ཨ་རིའི་གསར་འགོད་པ་གཉིས་རྒྱ་ནག་ནས་ཕྱིར་འཕུད་བཏང་བ་དང་། པེ་ཅིང་གིས་ཕྱི་རྒྱལ་(དང་ས་གནས་)གྱི་གསར་འགྱུར་བརྒྱུད་ལམ་ལ་ཚད་བཀག་དང་དམ་དྲག་བྱེད་ཤུགས་ཇེ་ཆེར་འགྱུར་བཞིན་ཡོད་པས་ཡིན་ཚུལ་དྲངས་འདུག
ཐེངས་འདིའི་ཚད་བཀག་གསར་པ་དང་འབྲེལ་བའི་ཐད་ལ། ཨ་རིའི་ཕྱི་སྲིད་དྲུང་ཆེ་མའི་ཁི-ཕོམ་ཕོའོ་(Mike Pompeo)ཡིས་རྒྱ་ནག་གཞུང་ནས“རྒྱ་ནག་ཏུ་ལས་དོན་སྒྲུབ་བཞིན་པའི་ཨ་རི་དང་རྒྱལ་ཁབ་གཞན་གྱི་གསར་འགོད་པ་རྣམས་ལ་ཞིབ་བཤེར་དང་། བརྙས་བཅོས། འཇིགས་སྐུལ་སོགས་བྱེད་ཤུགས་ཇེ་ཆེ་ནས་ཇེ་ཆེར་འགྲོ་བཞིན་ཡོད”སྟབས། ཨ་རིས་རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ཁག་ལྔའི་ཐོག་ལས་མིའི་ཚད་བཀག་གསར་པ་དེ་བཞག་པ་ཡིན་ཚུལ་བརྗོད་འདུག
འདི་ལོའི་ལོ་འགོར་ཨ་རྒྱ་རྒྱལ་ཁབ་གཉིས་ཀྱི་བར་དུ་ཚོང་འབྲེལ་གྲོས་མཐུན་རིམ་པ་དང་པོ་འཇོག་ཐུབ་པ་བྱུང་ན་ཡང་། འཛམ་གླིང་གི་དཔལ་འབྱོར་ཆེ་ཤོས་སུ་གྱུར་བའི་རྒྱལ་ཁབ་གཉིས་ཀྱིས་མུ་མཐུད་ནས་གོ་ལའི་དབང་སྒྱུར་ཆེད་དུ་འགྲན་རྩོད་བྱེད་མུས་སུ་ཡོད་སྟབས། ད་ཐེངས་ཀྱི་བྱ་སྤྱོད་འདི་ལ་པེ་ཅིང་ནས་ཕྱིར་འཁོན་ལན་དྲག་པོ་ཞིག་སློག་སྲིད་པའི་ཉེན་ཁ་ཡོད་འདུག
ཚད་བཀག་གསར་པ་དེའི་འོག་ཏུ་ཚུད་པའི་གསར་ཁང་ལྔ་པོ་ནི། ཤིན་ཧ་གསར་ཁང་དང་། (Xinhua News Agency) རྒྱ་ནག་གོ་ལའི་བརྙན་འཕྲིན་ཁང་། (China Global Televison Network) རྒྱ་ནག་རྒྱལ་སྤྱིའི་རླུང་འཕྲིན་ཁང་། (China Radio Internation) རྒྱ་ནག་ཉིན་རེའི་བརྒྱུད་བསྒྲགས། (China Daily Distribution Corp) དེ་བཞིན་ཧཱ་ཏན་ཡར་རྒྱས་ཁང་(Hai Tian Development USA)བཅས་ཡིན་འདུག་ཅིང་། ཕྱི་ཟླ་ ༣ ཚེས་ ༡༣ ཉིན་ནས་བཟུང་གསར་ཁང་དེ་དག་ལ་ཁྱོན་བསྡོམས་རྒྱ་རིགས་ལས་མི་ ༡༠༠ མ་གཏོགས་གཞན་རྣམས་འདུག་མི་ཆོག་པའི་བཀའ་བཏང་ཡོད་འདུག
དེ་མིན་ད་དུང་ཨ་རིའི་ཕྱོགས་ནས་རིང་མིན་རྒྱ་ནག་གི་གསར་ཁང་ཐོག་ལ་ཚད་བཀག་གསར་པ་གཞན་ཡང་འཇོག་སྲིད་འདུག་སྟེ། ཕྱི་སྲིད་དྲུང་ཆེའི་རེས་གཟའ་ཟླ་བའི་གཏམ་བཤད་ཀྱི་གོང་ལ། སྲིད་གཞུང་གི་འགོ་ཁྲིད་རྒན་པ་ཞིག་གིས་ཨ་རིའི་ངོས་ནས་གསར་འགོད་པའི་མཐོང་མཆན་(visa)ཐོགས་པའི་རྒྱ་མི་རྣམས་ཨ་རིར་དུས་ཡུན་ཇི་ཙམ་འདུག་ཆོག་མིན་གྱི་ཚད་བཀག་གསར་པ་འཇོག་པའི་འཆར་གཞི་འདིངས་བཞིན་ཡོད་པ་དང་། དེ་ཡང་རྒྱ་ནག་གིས་ཕྱི་རྒྱལ་གྱི་གསར་འགོད་པ་རྣམས་ཉིན་ ༣༠ ནང་ཚུན་དུ་མཐོང་མཆན་བསྐྱར་གསོ་བྱེད་དགོས་པའི་སྒྲིག་ཁྲིམས་དང་མཚུངས་པ་ཞིག་འཇོག་འཆར་ཡོད་སྐོར་སྨྲས་ཡོད་འདུག
རེས་གཟའ་ཟླ་བའི་བྱ་སྤྱོད་དེས། ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་ཟླ་སྔོན་མར་གོང་གི་གསར་ཁང་དེ་དག་རྒྱ་ནག་གི་“ཕྱི་སྲིད་ལས་དོན་ཁང”ཡིན་པའི་ངོས་འཛིན་བྱས་པ་དེར་དངོས་སུ་རྒྱབ་སྐྱོར་བྱས་པ་ཞིག་ཡིན་པ་སྟོན་གྱི་ཡོད་འདུག “ཕྱི་སྲིད་ལས་དོན་ཁང”ཞེས་པའི་གོ་དོན་གང་ཡིན་ཞེ་ན། ཨ་རིའི་ཕྱི་སྲིད་དྲུང་ཆེས་གསར་ཁང་ལྔ་པོ་དེ་དག་རྒྱ་ནག་གཞུང་གིས་ནུས་པ་ལྡན་པའི་ཐོག་ནས་སྟངས་འཛིན་བྱེད་ཀྱི་ཡོད་སྟབས། དེ་དག་གི་ལས་མི་རྣམས་ཕྱིའི་སྲིད་གཞུང་གི་མི་སྣར་བརྩི་རྒྱུ་ཡིན་པ་ལས་གསར་འགོད་པར་བརྩི་རྒྱུ་མིན་སྐོར་བཤད་ཡོད་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།