ཨ་རིས་རྒྱ་ནག་ནས་ཡོང་བའི་རྒྱ་མི་༡༡༦ རྒྱ་ནག་ལ་ཕྱིར་ལོག་བཏང་ཡོད་འདུག

(The Wall Street Journal) བརྒྱུད་ལམ་གྱི་པར།

ཨ་རིའི་ནང་ལོ་ལྟར་རྒྱལ་ཁབ་གཞན་ནས་སྐྱབས་བཅོལ་དུ་ཡོང་མཁན་སྟོང་ཚོ་མང་པོ་ཡོད་འདུག་པ་དང་། དེང་སང་རྒྱ་ནག་ནས་ཀྱང་ཡོང་མཁན་ཧ་ཅང་མང་པོ་ཡོད་འདུག ཉེ་ཆར་ཨ་རིའི་གཞུང་གིས་རྒྱ་ནག་ནས་ཡོང་མཁན་རྒྱ་མི་༡༡༦ ཕྱིར་རྒྱ་ནག་ལ་ལོག་བཏང་ཡོད་འདུག 

ཕྱི་ཚེས་༣ ཉིན་(The Wall Street Journal)ཞེས་པའི་ནང་གནས་ཚུལ་སྤེལ་གསལ། བདུན་ཕྲག་འདིའི་གཟའ་མིག་དམར་ཉིན་ཨ་རིའི་ནང་སྲིད་ལས་ཁུངས་ཀྱིས་བརྗོད་དོན་ལ། དེ་སྔོན་ལྷོ་ཨ་རིའི་རྒྱལ་ཁབ་ཚོ་བརྒྱུད་ནས་ཁྲིམས་འགལ་ཐོག་ནས་ཨ་རིར་ཡོང་མཁན་རྒྱ་མི་༡༡༦ ཨ་རིའི་གཞུང་གིས་འཛིན་བཟུང་བྱས་ཡོད་འདུག་པ་དང་། བདུན་ཕྲག་སྔོན་མའི་གུང་གསེང་སྐབས་སུ་རྒྱ་མི་༡༡༦ རྣམས་ཕྱིར་རྒྱ་ནག་ལ་ལོག་བཏང་ཡོད་འདུག ད་ཐེངས་ཀྱི་རྒྱ་མི་ཕྱིར་བཏང་བ་དེ་ཕྱི་ལོ་༢༠༡༨ ནས་ད་བར་མི་གྲངས་མང་ཤོས་ཆགས་ཡོད་འདུག ཟླ་བ་སྔོན་མར་ཨ་རིའི་ནང་སྲིད་དྲུང་ཆེ་ (Alejandro Mayorkas )དང་རྒྱ་ནག་གི་མི་མང་བདེ་འཇགས་བློན་ཆེན་(Wang Xiaohong)་གཉིས་དྲྭ་ཐོག་གི་བརྙན་ལམ་བརྒྱུད་ནས་ཚོགས་འདུ་ཞིག་འཚོགས་ཡོད་འདུག་པ་དང་། སྐབས་དེ་དུས་མྱོས་རྫས་ཚོང་འབྲེལ་བཀག་འགོག་བྱེད་ཕྱོགས་དང་། ཁྲིམས་འགལ་ཐོག་ནས་སྐྱབས་བཅོལ་དུ་ཡོང་མཁན་རྣམས་ཕྱིར་ལོག་གཏོང་ཕྱོགས། རྒྱལ་ཁབ་ཕན་ཚུན་བར་ཉེས་ཅན་པ་བཀག་འགོག་བྱེད་ཕྱོགས་སོགས་ཀྱི་གནད་དོན་དུ་མའི་སྐོར་གྲོས་བསྡུར་བྱས་ཡོད་པ་རྒྱ་ནག་གི་(Xinhua)ཤིན་ཧྭ་གསར་ཁང་གིས་བརྗོད་ཡོད་འདུག ད་ཆར་ཨ་རིས་རྒྱ་མི་དེ་དག་ལྷོ་ཨ་རིའི་བརྒྱུད་ནས་ཨ་རིའི་ནང་འཛུལ་གྱི་ཡོད་པ་དོ་སྣང་བྱུང་ཡོད་འདུག་ལ། ཕྱི་ལོ་༢༠༢༣ ཟླ་བ་༡༠ ནས་༢༠༢༤ ཟླ་བ་༥ བར་རྒྱ་རིགས་ཡིན་མཁན་ཁྱོན་༣༡༠༧༧ ཨ་རིའི་ས་མཚམས་བདེ་སྲུང་དམག་མི་ཡིས་འཛིན་བཟུང་བྱས་ཡོད་འདུག རྒྱ་རིགས་དེ་དག་ནི་དབུལ་ཕོངས་ཉམ་ཐག་རྐྱང་རྐྱང་ཡིན་འདུག་ལ། ཤེས་ཡོན་དང་། ལག་ཤེས། ཡིག་ཆ་སོགས་གང་ཡང་མེད་མཁན་རྐྱང་རྐྱང་ཡིན་འདུག ཁོང་ཚོ་ཨ་རི་ལ་སྐྱབས་བཅོལ་དུ་ཡོང་དགོས་དོན་ནི་དཔལ་འབྱོར་ཐོག་ནས་ཉམ་ཐག་ཡིན་པ་དང་། རྒྱ་ནག་གཞུང་གི་འོག་ཏུ་དུས་རྒྱུན་ནས་དཀའ་སྡུག་འཕྲད་མཁན་རྐྱང་རྐྱང་ཡིན་འདུག འདི་ལོའི་ཟླ་བ་༡ ནས་༥ བར་ལྷོ་ཨ་རིའི་ས་མཚམས་བརྒྱུད་ནས་ཡོང་མཁན་ཁྱོན་མི་༡༠༡༧༡ བྱུང་ཡོད་འདུག་ལ། ཕྱི་ལོ་༢༠༢༣ གཅིག་པུའི་ནང་ཁྱོན་རྒྱ་མི་༢༥༥༦༥ ཨ་རིའི་ནང་ཡོང་ཡོད་འདུག ཕྱི་ལོ་༢༠༡༠ ནས་༢༠༢༢ བར་ཁྱོན་༢༣༨༡ ཙམ་ལས་ཡོང་ཡོད་མི་འདུག་ཀྱང་། ཕྱི་ལོ་༢༠༢༤ ནང་ཨ་རིའི་ས་ཆ་(Colombia)་བརྒྱུད་ནས་ཨ་རིའི་ནང་ཡོང་མཁན་མང་ཤོས་བཞི་པ་དེ་རྒྱ་མི་ཡིན་འདུག ཨ་རིའི་གྲོས་ཚོགས་ཀྱི་གནད་ཡོད་ལས་བྱེད་(Mayorkas)ཟེར་བ་ཞིག་གིས་བརྗོད་དོན་ལ། འདི་ལོའི་ཟླ་བ་༥ པར་རྒྱ་ནག་གཞུང་དང་གྲོས་བསྡུར་བྱས་ནས་ཨ་རི་ནས་རྒྱ་མི་ཕྱིར་ལོག་གཏོང་དུས་རྒྱ་གཞུང་གི་ངོས་ནས་ཕྱིར་ལོག་བཏང་བའི་མི་མང་དག་ལེན་དགོས་པ་དང་། དེ་བཞིན་ཁྲིམས་མཐུན་ཡིག་ཆ་མེད་མཁན་དག་ལ་ཁྲིམས་ཐོག་ནས་ལག་ལེན་བསྟར་ཕྱོགས་སྐོར་གོ་བསྡུར་བྱས་ཡོད་ཚུལ་བརྗོད་འདུག རྒྱ་རིགས་མང་པོ་ཞིག་ལྷོ་ཨ་རིའི་རྒྱལ་ཁབ་དེ་དག་གི་བརྒྱུད་ནས་ཨ་རིའི་ནང་འཛུལ་གྱི་ཡོད་འདུག་པ་དང་། རྒྱ་རིགས་མང་པོ་ཞིག་ཨ་རིའི་གཞུང་གིས་སྐྱབས་བཅོལ་སྤྲད་ནས་ཨ་རིའི་ནང་འདུག་བཅུག་ཡོད་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།