ཨ་རྒྱ་གཉིས་ཀྱི་སྲིད་འཛིན་མཇལ་འཕྲད་དང་ཨུ་རུ་སུའི་སྲིད་འཛིན་ལྷན་ཚོགས་སུ་ཞུགས་མེད་པ།
ཟླ་འདིའི་ཚེས་༡༡ ཉིན་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ཆེས་མཐོའི་དཔོན་རིགས་ལྷན་ཚོགས་ཀྱི་ཐོག་ཏུ་ཨུ་རུ་སུའི་སྲིད་འཛིན་མཉམ་ཞུགས་བྱེད་རྒྱུ་མིན་པའི་གནས་ཚུལ་ཐོན་འདུག
ཟླ་འདིའི་ཚེས་༡༡ ཉིན་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ཆེས་མཐོའི་དཔོན་རིགས་ལྷན་ཚོགས་ཀྱི་ཐོག་ཏུ་ཨུ་རུ་སུའི་སྲིད་འཛིན་མཉམ་ཞུགས་བྱེད་རྒྱུ་མིན་པའི་གནས་ཚུལ་ཐོན་འདུག
ཟླ་འདིའི་ཚེས་༡༥ ནས་ཉིན་གྲངས་གཉིས་ཀྱི་རིང་སྟོབས་ཆེན་རྒྱལ་ཁབ་ཉི་ཤུ་ཡི་ཆེས་མཐོའི་དཔོན་རིགས་ལྷན་ཚོགས་དེ་ཧིན་རྡུ་ནི་ཤི་ཡ་ལ་འཚོག་རྒྱུ་གཏན་འཁེལ་བྱས་ཡོད་པ་དང་། འདས་པའི་ཟླ་བ་ཁ་ཤས་ཀྱི་ནང་དུ་ཨ་རི་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་ཁག་ཅིག་གིས་ཨུ་རུ་སུའི་སྲིད་འཛིན་ལ་མགྲོན་བརྡ་བཏང་པ་དེ་ཕྱིར་འཐེན་བྱེད་དགོས་པ་སོགས་ཀྱི་གནོན་ཤུགས་ཇི་ལྟར་སྤྲད་ཀྱང་། ལྷན་ཚོགས་གཙོ་སྐྱོང་བྱེད་མཁན་ཧིན་རྡུ་ནི་ཤི་ཡ་ཡིས་ད་བར་ཕྱིར་འཐེན་བྱས་མེད་འདུག
ལྷན་ཚོགས་ཐོག་ཨ་རི་སྲིད་འཛིན་གཙོས་པའི་ཡུ་རོབ་རྒྱལ་ཁབ་ཁག་གི་དབུ་ཁྲིད་དང་ཨུ་རུ་སུའི་སྲིད་འཛིན་བར་ཡུག་རེན་གྱི་དམག་འཁྲུག་གི་ཐོག་ལ་ཁ་གཏད་གཅོག་རེས་བྱེད་སྲིད་པར་བརྟེན། ཨུ་རུ་སུའི་སྲིད་འཛིན་ལྷན་ཚོགས་དེའི་ཐོག་ཏུ་མཉམ་ཞུགས་བྱེད་རྒྱུ་མིན་པ་དང་། ཁོང་གི་ཚབ་ཏུ་ཨུ་རུ་སུའི་ཕྱི་སྲིད་བློན་ཆེན་ཕེབས་རྒྱུ་ཡིན་པ་ཧིན་རྡུ་ནི་ཤི་ཡར་ཡོད་པའི་ཨུ་རུ་སུའི་གཞུང་ཚབ་ཁང་གིས་བརྗོད་ཡོད་འདུག
ལྷན་ཚོགས་དེའི་ཐོག་ལ་རྒྱ་གར་གྱི་སྲིད་བློན་དང་རྒྱ་ནག་གི་སྲིད་འཛིན། ཨ་རི་སྲིད་འཛིན་སོགས་རྒྱལ་ཁབ་ཁག་གི་ཆེས་མཐོའི་དཔོན་རིགས་ཁག་ཅིག་མཉམ་ཞུགས་བྱེད་རྒྱུ་ཡིན་འདུག
ཟླ་འདིའི་ཚེས་༡༡ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། སྟོབས་ཆེན་རྒྱལ་ཁབ་བདུན་གྱི་ལྷན་ཚོགས་དེ་འགོ་འཛུགས་མ་བྱས་གོང་དུ་ཨ་རིའི་སྲིད་འཛིན་བྷ་ཌན་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་གཉིས་ཟུར་དུ་མཇལ་འཕྲད་གནང་རྒྱུ་དང་། ཨ་རི་སྲིད་འཛིན་གྱིས་ཐེ་ཝན་གྱི་ཐོག་ལ་བཀའ་མོལ་གནང་རྒྱུ་ཡིན་པའི་གསར་འགོད་པའི་དྲི་བ་ལ་ལན་བརྒྱབ་འདུག ཕྱི་ལོ་༢༠༢༠ ནས་ཨ་རྒྱ་གཉིས་ཀྱི་སྲིད་འཛིན་བར་དུ་དངོས་སུ་མཇལ་འཕྲད་གནང་བ་ཐོག་མ་དེ་ཆགས་ཡོད་འདུག
ཨ་རི་སྲིད་འཛིན་བྷ་ཌན་ནི་སྲིད་འཛིན་གཞན་དང་མ་འདྲ་བ་ཁོང་གིས་གལ་སྲིད་རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱས་ཚེ་ཨ་རི་ཡིས་ཐེ་ཝན་ལ་རྒྱབ་སྐྱོར་དང་སྲུང་སྐྱོབ་བྱེད་རྒྱུ་ཡིན་རབས་ཐེངས་མང་བརྗོད་འདུག
ཞི་ཅིང་ཕིང་གིས་ཀྱང་བཅིངས་འགྲོལ་དམག་མི་རྣམས་ལ་རྒྱ་ནག་ནི་ངེས་གཏན་མེད་པ་དང་བདེ་འཇགས་མེད་པའི་གནས་སྟངས་ཤིག་གི་ཁྲོད་དུ་སྡོད་བཞིན་ཡོད་པས། ནུས་པ་ཡོད་ཚད་ཀྱིས་དམག་སྦྱོང་བྱས་ནས་དམག་འཐབ་ལ་གྲ་སྒྲིག་བྱེད་དགོས་རབས་བརྗོད་ཡོད་འདུག
ཨུ་རུ་སུ་དང་ཡུག་རེན་བར་དམག་འཁྲུག་ལངས་ནས་ད་བར་ཟླ་བ་བརྒྱད་ལྷག་འགྲོ་བཞིན་ཡོད་པ་དང་། ཟླ་འདིའི་ཚེས་༡༠ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཨ་རིའི་སྐམ་མཚོ་གནམ་གསུམ་གྱི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་དམག་སྤྱི་མར་ཁེ་མེ་ལིས་ (Mark Milley) ཚོད་རྩིས་བྱས་པར་ལྟར་ན། འདས་པའི་ཟླ་བ་༨ ལྷག་གི་རིང་ཡུཀ་རེན་གྱི་དམག་ས་ཁག་ཏུ་རྨས་སྐྱོན་ཕོག་མཁན་དང་ཚེ་སྲོག་ཤོར་མཁན་ཨུ་རུ་སུའི་དམག་མི་འབུམ་གཅིག་དང་ཡུག་རེན་གྱི་དམག་མི་འབུམ་གཅིག་བཅས་ཁྱོན་བསྡོམས་དམག་མི་འབུམ་༢ ཙམ་བྱུང་ཡོད་རབས་བརྗོད་ཡོད་འདུག
ཡུག་རེན་གྱི་དམག་འཁྲུག་འགོ་འཛུགས་བྱས་ནས་བཟུང་ཨ་རི་སྲིད་འཛིན་དང་ཨུ་རུ་སུའི་སྲིད་འཛིན་བར་དུ་ཐག་འཕྲད་བྱུང་མེད་པ་དང་། ཨ་རྒྱ་གཉིས་ཀྱི་སྲིད་འཛིན་བར་དུ་དངོས་སུ་ཐུག་འཕྲད་ཐོག་མ་དེ་གནང་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།