ཨ་རྒྱའི་ཚོང་དམག་ལ་བརྟེན་ནས་དམག་འཁྲུག་དངོས་འབྱུང་སྲིད།

ཨ་རྒྱའི་ཚོང་དམག་གི་འགོ་ཚུགས་ནས་ཟླ་བ་༡༨ ལྷག་འགྲོ་བཞིན་ཡོད་ཅིང་། དུས་ཡུན་དེའི་རིང་ཕྱོགས་གཉིས་ཀྱིས་གྲོས་མོལ་རབ་དང་རིམ་པ་ཞིག་བྱས་ཀྱང་གཉིས་མོས་ཀྱི་གྲོས་མཐུན་ཞིག་འཇོག་ཐུབ་མེད་སྟབས། ཨ་རིའི་ཕྱི་སྲིད་དྲུང་ཆེ་ཟུར་པ་ཧེན་རི-ཁིན་སར་(Henry Kissinger) གྱིས་གལ་སྲིད་ཨ་རྒྱ་གཉིས་ཀྱིས་ཚོང་དམག་གི་རྩོད་རྙོག་སེལ་མ་ཐུབ་པ་ཡིན་ན། དངོས་གནས་དམག་འཁྲུག་ཅིག་འབྱུང་སྲིད་པའི་ཉེན་བརྡ་བཏང་ཡོད་འདུག 

ཨ་རྒྱའི་ཚོང་དམག་གི་འགོ་ཚུགས་ནས་ཟླ་བ་༡༨ ལྷག་འགྲོ་བཞིན་ཡོད་ཅིང་། དུས་ཡུན་དེའི་རིང་ཕྱོགས་གཉིས་ཀྱིས་གྲོས་མོལ་རབ་དང་རིམ་པ་ཞིག་བྱས་ཀྱང་གཉིས་མོས་ཀྱི་གྲོས་མཐུན་ཞིག་འཇོག་ཐུབ་མེད་སྟབས། ཨ་རིའི་ཕྱི་སྲིད་དྲུང་ཆེ་ཟུར་པ་ཧེན་རི-ཁིན་སར་(Henry Kissinger) གྱིས་གལ་སྲིད་ཨ་རྒྱ་གཉིས་ཀྱིས་ཚོང་དམག་གི་རྩོད་རྙོག་སེལ་མ་ཐུབ་པ་ཡིན་ན། དངོས་གནས་དམག་འཁྲུག་ཅིག་འབྱུང་སྲིད་པའི་ཉེན་བརྡ་བཏང་ཡོད་འདུག 

ཕྱི་ཟླ་༡༡ ཚེས་༢༡ ཉིན་ཨ་རིའི་སྲིད་ཕྱི་སྲིད་དྲུང་ཆེ་ཟུར་པ་ཧེན་རི-ཁིན་སར་གྱིས་གལ་སྲིད་ཨ་རི་དང་རྒྱ་ནག་གཉིས་ཀྱིས་ཚོང་དམག་གི་རྩོད་རྙོག་སེལ་མ་ཐུབ་པར་མུ་མཐུད་འགྲོ་རུ་བཅུག་པ་ཡིན་ན། སྟོབས་ཆེན་རྒྱལ་ཁབ་གཉིས་ཀྱི་བར་དུ་དངོས་སུ་དྲག་པོའི་དམག་འཁྲུག་ཅིག་འབྱུང་སྲིད་པའི་ཉེན་བརྡ་བཏང་ཡོད་འདུག 

དེ་ཡང་ཚབས་ཆེའི་ཉེན་བརྡ་དེ་ནི་ཁོང་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་སྐོང་འཚོགས་བྱས་པའི་དཔལ་འབྱོར་ཚོགས་ཆེན་ཞིག་ལ་བཅར་ནས་“ཨ་རྒྱའི་འབྲེལ་ལམ་”ཞེས་པའི་བརྗོད་བྱའི་ཐོག་གླེང་མོལ་དང་། དྲི་བ་དྲིས་ལན་བྱེད་སྐབས་བཤད་པ་ཡིན་འདུག་སྟེ། ཁོང་གིས་“གལ་སྲིད་རྩོད་རྙོག་འདི་མ་སེལ་བར་མུ་མཐུད་འགྲོ་རུ་བཅུག་པ་ཡིན་ན། མཇུག་འབྲས་དེ་སྔོན་གྱི་ཡུ་རོབ་ནང་ལས་ཀྱང་སྡུག་པ་ཡོང་ངེས་རེད། འཛམ་གླིང་དམག་ཆེན་དང་པོ་ལྟོས་བཅས་ཀྱི་དཀའ་རྙོག་ཆུང་ངུ་ཞིག་ལ་བརྟེན་ནས་བྱུང་བ་རེད། ད་ལྟ་མཚོན་ཆ་སྔར་ལས་ལྡབ་ཀྱིས་སྟོབས་ཤུགས་ཆེ་བ་ཡོད་”ཅེས་བཤད་འདུག 

ད་ལྟ་ཨ་རྒྱའི་ཚོང་དམག་གི་འགོ་ཚུགས་ནས་ལོ་གཅིག་དང་ཕྱེད་ལྷག་འགྲོ་བཞིན་ཡོད་ཀྱང་། གཉིས་མོས་ཀྱི་གྲོས་མཐུན་ཞིག་ད་རུང་ཡང་འཇོག་ཐུབ་མེད་པ་མ་ཟད། རྒྱ་ནག་གིས་ཡུ་གུར་བ་ས་ཡ་བརྒལ་བ་ཁྲིམས་མེད་ལུགས་ཀྱིས་འཛིན་བཟུང་བཀག་ཉར་བྱས་པའི་གནས་སྟངས་དང་། ཧོང་ཀོང་གི་ཁྲིམས་དང་སྒྲིག་གཞི་རྩིས་མེད་རྡོག་རོལ་བཏང་བ་སོགས་ལ་ཨ་རིའི་གཞུང་གནས་སྐྱོན་བརྗོད་ཚ་ནན་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བར་དུ་ཆབ་སྲིད་ཀྱི་འགལ་ཟླ་ཇེ་ཆེ་དང་ཇེ་མང་དུ་འགྲོ་བཞིན་ཡོད།

ལོ་ན་༩༦ ལ་སླེབས་པའི་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཟུར་པ་ཁོང་གིས་གལ་སྲིད་ཕྱོགས་གཉིས་ཀས་མུ་མཐུད་“འཛམ་གླིང་སྟེང་གི་གནད་དོན་ཐམས་ཅད་འགལ་བའི་ཐོག་ནས་མཐོང་སྟེ་བསྡད་པ་ཡིན་ན། དེས་འགྲོ་བ་མིའི་རིགས་ལ་ཉེན་ཁ་སྟེར་སྲིད་”ཅེས་བརྗོད་པའི་ཐོག ཨ་རྒྱ་རྒྱལ་ཁབ་གཉིས་ཀྱིས་ཚོང་གི་གྲོས་མོལ་བྱས་པ་ཙམ་གྱིས་མི་འགྲིག་པར་ཧོང་ཀོང་གི་གནད་དོན་འདུས་པའི་གནད་དོན་མང་པོ་ཞིག་ལ་གྲོས་མོལ་བྱེད་དགོས་ཚུལ་སྨྲས་ཡོད་འདུག 

ཁོང་ལ་ཧོང་ཀོང་གི་རྩོད་རྙོག་དེ་[ཨ་རྒྱ་རྒྱལ་ཁབ་གཉིས་ཀྱི]གྲང་དམག་གསར་པ་ཞིག་གི་རྒྱུ་རུ་འགྱུར་སྲིད་མིན་སྐད་ཆ་དྲིས་པར། ཁོང་གིས་“ཧ་ཅང་ཚོར་ཤུགས་ཆེ་བའི་གནད་དོན་”དེ་ཕན་ཚུན་གྲོས་མོལ་གྱི་ལམ་ནས་སེལ་ཐུབ་པའི་རེ་བ་ཡོད་ཚུལ་བཤད་འདུག 

ཨ་རིའི་ཕྱི་སྲིད་དྲུང་ཆེ་ཟུར་པ་ཁོང་ནི་ཨ་རྒྱའི་འབྲེལ་ལམ་ལ་འབྲེལ་བ་དམ་ཟབ་ཡོད་མཁན་ཞིག་ཡིན་ཏེ། ཁོང་སྔོན་ཆད་ཨ་རིའི་སྲིད་འཛིན་རི་ཆར་ཌི-ནིག་སོན་(Richard Nixon) གྱི་ཕྱི་སྲིད་དྲུང་ཆེ་ཡིན་པའི་སྐབས། ཕྱི་ལོ་༡༩༧༡ ལོར་གསང་བའི་ངང་རྒྱ་ནག་ཏུ་ཕྱིན་ནས་ཨ་རི་དང་རྒྱ་ནག་དམར་ཤོག་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་གསར་པའི་ཐོག་གྲོས་མོལ་བྱེད་འགོ་བརྩམས་ཏེ་ཨ་རྒྱའི་འབྲེལ་ལམ་གོང་དུ་སྤེལ་སྟབས། ཁོང་རྒྱ་ནག་ཏུ་འགྲོ་དུས་རྒྱ་ནག་གི་འགོ་ཁྲིད་ཚོས་རས་གདན་དམར་པོ་བཏིང་ནས་དགའ་བསུ་བྱེད་ཀྱི་ཡོད་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།