ཨ་རྒྱའི་ཚོང་འབྲེལ་གྲོས་མོལ་ཆེད་མཐོ་རིམ་འགོ་ཁྲིད་ཐུག་འཆར།
ཟླ་འདིའི་ཚེས་༢༤ ཉིན་རྒྱལ་སྤྱིའི་རའོ་ཏྲར་གསར་ཁང་(Reuters) ནས་གནས་ཚུལ་སྤེལ་གསལ་དུ། བདུན་ཕྲག་རྗེས་མར་ཨ་རི་དང་རྒྱ་ནག་གི་ཚོང་འབྲེལ་གྲོས་མོལ་གྱི་འགོ་ཁྲིད་མཐོ་ཤོས་རྣམས་དངོས་སུ་ཐུག་འཕྲད་བྱེད་གཏན་ཁེལ་ཡོད་པ་དང་། དེ་ནི་སྲིད་འཛིན་ཊོམ་དང་ཞི་གཉིས་ཀྱིས་གྲོས་མོལ་བསྐྱར་གསོ་བྱས་ཏེ་ལོ་གཅིག་གི་ཚོང་དམག་མཚམས་འཇོག་རྒྱུར་གྲོས་མཐུན་བཞག་པའི་རྗེས་ཀྱི་ཐུག་འཕྲད་ཐོག་མ་དེ་ཡིན་འདུག
ཟླ་འདིའི་ཚེས་༢༤ ཉིན་རྒྱལ་སྤྱིའི་རའོ་ཏྲར་གསར་ཁང་(Reuters) ནས་གནས་ཚུལ་སྤེལ་གསལ་དུ། བདུན་ཕྲག་རྗེས་མར་ཨ་རི་དང་རྒྱ་ནག་གི་ཚོང་འབྲེལ་གྲོས་མོལ་གྱི་འགོ་ཁྲིད་མཐོ་ཤོས་རྣམས་དངོས་སུ་ཐུག་འཕྲད་བྱེད་གཏན་ཁེལ་ཡོད་པ་དང་། དེ་ནི་སྲིད་འཛིན་ཊོམ་དང་ཞི་གཉིས་ཀྱིས་གྲོས་མོལ་བསྐྱར་གསོ་བྱས་ཏེ་ལོ་གཅིག་གི་ཚོང་དམག་མཚམས་འཇོག་རྒྱུར་གྲོས་མཐུན་བཞག་པའི་རྗེས་ཀྱི་ཐུག་འཕྲད་ཐོག་མ་དེ་ཡིན་འདུག
འདས་པའི་ལོ་གཅིག་གི་ནང་། འཛམ་གླིང་གི་དཔལ་འབྱོར་ཆེ་ཤོས་ཀྱི་རྒྱལ་ཁབ་གཉིས་པོས་ཕན་ཚུན་གྱི་ཚོང་རྫས་ལ་ཨ་སྒོར་ཐེར་འབུམ་མང་པོའི་སྒོ་ཁྲལ་འཇལ་རེས་བྱས་ཏེ་སའི་གོ་ལའི་ཚོང་ལམ་ཟང་ཟིང་དང་། འཛམ་གླིང་གི་ཁྲོམ་རྭ་གཡོ་འགུལ་བཏང་ཡོད།
ཨ་རིའི་ཕོ་བྲང་དཀར་པོ་ནས་རེས་གཟའ་ལྷག་པའི་ཉིན་སྤེལ་བའི་གཏམ་བཤད་ནང་། ཨ་རིའི་མཛོད་གཉེར་སི་ཏྲི་ཝན-ནོ་ཆན་(Steven Mnuchin) དང་། ཚོང་དོན་སྐུ་ཚབ་རོ་བྷར་ཏྲི-ལ་ཏྲི་སར་(Robert Lighthizer) གཉིས་ཀྱིས་ཟླ་འདིའི་ཚེས་༣༠ ཉིན་ཧྲང་ཧེ་ལ་རྒྱ་ནག་གི་སྲིད་བློན་གཞོན་པ་ལོའུ་ཧ་(Liu He) དང་ཐུག་སྟེ་ཚོང་གི་གྲོས་མོལ་བྱ་རྒྱུ་ཡིན་སྐོར་བཤད་ཡོད་འདུག
དེ་ཡང་རེས་གཟའ་ལྷག་པའི་ཉིན་མཛོད་གཉེར་སི་ཏྲི་ཝན-ནོ་ཆན་གྱིས་ཕོ་བྲང་དཀར་པོ་ནས་གསར་འགོད་པ་ཚོར། “ང་ཚོས་གྲོས་མཐུན་མ་བཞག་སྔོན་ལ་གྲོས་མོལ་འགའ་ཤས་བྱེད་དགོས། ང་ཚོས་གནད་དོན་ཚང་མ་སེལ་བའི་རེ་བ་རྒྱག་གི་མེད། ཡིན་ན་ཡང་། སྲིད་འཛིན་གཉིས་ཀྱི་ལམ་སྟོན་ལྟར་སླར་ཡང་གྲོས་མོལ་གྱི་ཅོག་ཙེའི་ཐོག་འཛོམས་པ་དེ་གལ་ཆེན་པོ་ཆགས་ཡོད་”ཅེས་བཤད་འདུག
ཕོ་བྲང་དཀར་པོས་ད་ཐེངས་ཀྱི་གྲོས་མོལ་ནང་རྣམ་དཔྱོད་ཀྱི་ཚོང་རྫས་(intellectual property) དང་། ཞིང་ལས་དང་། ཞབས་ཞུའི་ལས་རིགས། ཚོང་གི་གྱོང་གུན། སྒོ་ཁྲལ་གྱི་དབྱེ་མཚམས་ལ་སོགས་པའི་གནད་དོན་རྣམས་གླེང་རྒྱུ་ཡིན་སྐོར་བཤད་འདུག
ཕྱི་ཟླ་དྲུག་པའི་ཟླ་སྨད་ལ་སྲིད་འཛིན་ཞི་དང་ཐུག་འཕྲད་སྐབས། ཊོམ་གྱིས་ཨ་རྒྱས་གྲོས་མོལ་བསྐྱར་གསོ་བྱེད་སྐབས། ཨ་སྒོར་ཐེར་འབུམ་༣༠༠ ཡི་རྒྱ་ནག་གི་ཚོང་ཟོག་ཐོག་སྒོ་ཁྲལ་འཕར་མ་འཇོག་པའི་འཆར་གཞི་དེ་མཚམས་འཇོག་པའི་མོས་མཐུན་བྱས་ཡོད་ཅིང་། དེ་ནས་གྲོས་མོལ་འགོ་ཁྲིད་རྣམས་ཁ་པར་བརྒྱུད་དེ་གླེང་མོལ་བྱས་པ་མ་གཏོགས་གདོང་དང་གདོང་ཐུག་མེད་འདུག
ཞི་ཅིན་ཕིང་དང་ལྷན་དུ་ཐུག་འཕྲད་བྱས་རྗེས། ཊོམ་གྱིས་ཨ་རིའི་ངོས་ནས་རྒྱ་ནག་གི་ཧོའུ་ཨེ་བཟོ་ཚོང་ཁང་(Huawei company) གི་ཐོག་ལ་བཞག་པའི་བཀག་སྡོམ་རྣམས་ཆ་ཡང་གཏོང་རྒྱུ་ཡིན་པ་དང་། རྒྱ་ནག་གིས་ཨ་རིའི་ཞིང་ལས་ཐོན་རྫས་ཉོ་རྒྱུའི་མོས་མཐུན་བྱས་བྱུང་སྐོར་བསྒྲགས།
ད་ལྟའི་ཆར་རྒྱ་ནག་གིས་ཞིང་ལས་ཐོན་རྫས་ཉོ་བའི་ཁས་ལེན་དེ་ལག་བསྟར་བྱས་མི་འདུག་མི་འདུག་མོད། འོན་ཀྱང་ཕོ་བྲང་དཀར་པོའི་དཔལ་འབྱོར་སློབ་སྟོན་པ་ལོ་རི-ཁོ་ཌི་ལོ་(Larry Kudlow) ཡིས་གཟའ་མིག་དམར་ཉིན་ཁོས་དེ་མགྱོགས་མྱུར་ལག་བསྟར་ཡོང་བའི་རེ་བ་རྒྱག་གི་ཡོད་སྐོར་བརྗོད་འདུག
ཝ་ཤིན་ཏྲོན་དང་པེ་ཅིང་གཉིས་ཀྱི་གྲོས་མཐུན་བར་ཐག་ཤིན་ཏུ་རིང་པོ་ཡིན་འདུག་སྟེ། ཨ་རིས་ཕྱོགས་ནས་རྒྱ་ནག་གིས་ངོ་ལོ་བཅུ་ཕྲག་གི་དྲང་བདེན་དང་ཁྲིམས་མཐུན་མ་ཡིན་པའི་ཚོང་ལས་ལ་བསྒྱུར་བཅོས་གཏོང་དགོས་ཟེར་བཞིན་ཡོད་པ་དང་། རྒྱ་ནག་གིས་གྲོས་མཐུན་ཅི་འདྲ་ཞིག་བཞག་ཀྱང་ཕྱོགས་གཉིས་ཀ་ནས་སྟུན་དགོས་རྗོད་ཀྱིན་ཡོད་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།