ཨང་སན་སུ་ཅི་དང་རྒྱལ་སྤྱིའི་རྣམ་འགྱུར།

རྒྱལ་སྤྱིའི་ཁྱོན་ཡོངས་སུ་རང་དབང་དང་མང་གཙོ་རྩོད་ལེན་གྱི་མཚོན་རྟགས་ལྟ་བུར་གྱུར་པའི་བུད་མེད་གྲགས་ཆེན། ལྕམ་ཨང་སན་སུ་ཅི་དང་ཁོང་གིས་སྣེ་ཁྲིད་པའི་མང་གཙོ་ཚོགས་པ་ལ་འབར་མའི་མི་མང་གི་ངོས་ནས་ཤུགས་ཆེའི་རྒྱབ་སྐྱོར་ཐོབ་ཡོད་ནའང་། ཡུལ་དེའི་དམག་དཔུང་གིས་སྲིད་དབང་བཙན་འཕྲོག་དང་།

ཆེད་བརྗོད།

རྒྱལ་སྤྱིའི་ཁྱོན་ཡོངས་སུ་རང་དབང་དང་མང་གཙོ་རྩོད་ལེན་གྱི་མཚོན་རྟགས་ལྟ་བུར་གྱུར་པའི་བུད་མེད་གྲགས་ཆེན། ལྕམ་ཨང་སན་སུ་ཅི་དང་ཁོང་གིས་སྣེ་ཁྲིད་པའི་མང་གཙོ་ཚོགས་པ་ལ་འབར་མའི་མི་མང་གི་ངོས་ནས་ཤུགས་ཆེའི་རྒྱབ་སྐྱོར་ཐོབ་ཡོད་ནའང་། ཡུལ་དེའི་དམག་དཔུང་གིས་སྲིད་དབང་བཙན་འཕྲོག་དང་། ལྕམ་ཨང་སན་སུ་ཅིས་གཙོས་འོས་འདེམས་བྱས་པའི་འབར་མའི་འགོ་ཁྲིད་རྣམས་འཛིན་བཟུང་བཙོན་འཇུག་བྱས་པ་མ་ཟད། ཟླ་འདིའི་ཚེས་༦ ཉིན་ཁྲིམས་ཐོག་ནས་ཁོང་ལ་སླར་ཡང་དུས་བཀག་བཙོན་འཇུག་ལོ་བཞིའི་ཁྲིམས་ཐག་བཅད་ཡོད་འདུག ཁོང་ནི་འབར་མའི་དྲག་པོའི་གཞུང་གིས་དུས་ཡུན་རིང་པོར་འཛིན་བཟུང་བཙོན་འཇུག་བྱེད་མྱོང་བ་ཞིག་ཡིན་པ་མ་ཟད། ཁོང་གིས་འབར་མའི་ནང་རང་དབང་མང་གཙོའི་གོ་སྐབས་ཤིག་འཐོབ་ཆེད་སྙིང་སྟོབས་ཆེན་པོའི་མདུན་བསྐྱོད་གནང་ཡོད་པས། ཕྱི་ལོ་༡༩༩༡ ལོར་ནོ་སྦེལ་ཞི་བདེའི་གཟེངས་ཀྱང་ཁོང་ལ་ཐོབ་ཡོད། ཁོང་གི་དམིགས་ཡུལ་གཙོ་བོ་ནི་འབར་མའི་ནང་མང་གཙོ་དང་ཞི་བདེ་ཡོང་ཐུབ་པའི་ཆེད་དུ་འབད་བརྩོན་གནང་རྒྱུ་དེ་ཡིན་འདུག

ཁོང་ཐོག་མ་བཀག་ཉར་བྱེད་བཞིན་པའི་སྐབས་སུ་རྒྱལ་སྤྱིའི་ཁྱོན་ཡོངས་དང་། ལྷག་པར་དུ་ནུབ་ཕྱོགས་ཡུལ་གྲུ་ཁག་ཏུ་ཁོང་ལ་རྒྱབ་སྐྱོར་བྱེད་མཁན་མང་པོ་བྱུང་ཡོད་ཅིང་། འབར་མ་དམག་གཞུང་གི་རྒྱབ་ཏུ་རྒྱ་དམར་དྲག་པོའི་གཞུང་ཡོད་པས་དུས་ཡུན་རིང་པོའི་བར་ཁོང་གློད་གྲོལ་ཐོབ་ཐུབ་མེད། བར་ལམ་འབར་མའི་དམག་གཞུང་གིས་ལྕམ་ཨང་སན་སུ་ཅི་གནས་སྐབས་གློད་གྲོལ་བཏང་ཡོད་ཀྱང་། ཁྲིམས་ལུགས་གཏན་འབེབས་ཀྱི་ཐོག་ནས་ཁོང་འབར་མའི་དབུ་ཁྲིད་མཐོ་ཤོས་སམ་སྲིད་འཛིན་ཆགས་ཐུབ་པའི་ལམ་ཁ་མེད་པ་བཟོས། འབར་མའི་མི་མང་གི་ངོས་ནས་ཁོང་ལ་ཚད་མཐོའི་རྒྱབ་སྐྱོར་ཐོག་སྔ་རྗེས་སུ་རྒྱལ་ཁ་ཆེན་པོ་ཐོབ་སྟེ་གཞུང་འཛིན་མང་གཙོ་ཚོགས་པའི་དབུ་ཁྲིད་ཀྱི་ཐུགས་འགན་བཞེས་ཤིང་། ལོ་འདིའི་འོས་བསྡུའི་སྐབས་ཀྱང་ཁོང་དང་ཁོང་གི་ཚོགས་པ་ལ་རྒྱབ་སྐྱོར་ཆེན་པོ་ཐོབ་པས། འབར་མའི་དམག་དཔུང་གི་ངོས་ནས་སྲིད་དབང་བཙན་འཕྲོག་དང་ཁོང་ཡང་བསྐྱར་འཛིན་བཟུང་བཙོན་འཇུག་བྱས་ཀྱང་། རྒྱལ་སྤྱིའི་ཐོག་ནས་དེ་ཙམ་དོ་སྣང་ཆེན་པོ་མེད་པའི་རྣམ་པ་མཐོང་རྒྱུ་ཡོད།

ལྕམ་ཨང་སན་སུ་ཅི་འབར་མའི་ཆེས་མཐོའི་སྲིད་དབང་འཛིན་མཁན་གྱི་གྲས་སུ་སླེབས་སྐབས། འབར་མའི་ནང་སྔོན་ནས་ཡོད་པའི་ཁ་ཆེའི་ཕྱོགས་འགལ་ཚོགས་པའི་ངོས་ནས་གཞུང་གིས་དམག་དཔུང་ལ་གྱེན་ལོག་བྱས་པ་དང་། དེའི་རྗེས་སུ་རིམ་པས་སྔར་ཡོད་འཁོན་འཛིན་གྱི་ཐོག་ནས་ནང་པ་དང་ཁ་ཆེའི་ཆོས་དད་པའི་དབར་འཁྲུག་རྩོད་ཆེན་པོ་བྱུང་ཡོད་ལ། འབར་མའི་དམག་དཔུང་གི་ངོས་ནས་རཱོ་ཧིན་གྷ་ཡ་ཁ་ཆེའི་གྲངས་ཉུང་མི་རིགས་ལ་དྲག་གནོན་བྱེད་སྐབས། ཁོང་གིས་བཀག་འགོག་གནང་མ་སོང་ཞེས་ནུབ་ཕྱོགས་ཡུལ་གྲུ་ཁག་ནས་ཁོང་ལ་སྐྱོན་འཛུགས་བྱེད་མཁན་མང་པོ་བྱུང་ཡོད་པ་དང་། ཁག་ཅིག་གིས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཕྱིར་བསྡུ་བྱེད་དགོས་པའི་བསམ་ཚུལ་འདོན་མཁན་ཡང་བྱུང་ཡོད། གང་ལྟར་འབར་མའི་མང་གཙོ་ནི་གཤོག་ཟུང་མ་སྐྱེས་པའི་བྱིའུ་ཕྲུག་བཞིན། གནམ་འཕང་གཅོད་ཐུབ་པའི་ནུས་སྟོབས་མེད་སྟབས། ལྕམ་ཨང་སན་སུ་ཅི་ལ་མི་མང་གི་འོས་ཤོག་ཐོབ་ཀྱང་། དམག་དཔུང་སྟངས་འཛིན་གནང་རྒྱུའི་ནུས་པ་མེད་པ་ལོ་འདིའི་གནས་སྟངས་ཐོག་ནས་ར་སྤྲོད་བྱུང་ཡོད།

ཁོང་གི་ཐུགས་རེ་གཙོ་བོ་ནི་འབར་མའི་ནང་མང་གཙོ་དང་རང་དབང་འཐོབ་ཐུབ་པ་ཞིག་བྱ་རྒྱུ་དེ་ཡིན་པ་ལས། འཛམ་གླིང་སྤྱི་ཡོངས་ལ་མང་གཙོ་དང་རང་དབང་ཞི་བདེ་བཅས་དར་སྤེལ་བྱེད་ཐུབ་པའི་ནུས་པ་ཁོང་ལ་མེད་པ་དེ་གསལ་པོ་མཁྱེན་ངེས་རེད། ཐེག་ཆེན་སེམས་བསྐྱེད་ཐོག་ནས་མཁའ་ཁྱབ་སེམས་ཅན་གྱི་དོན་དུ་དམིགས་ཆོག་ཀྱང་། ཆབ་སྲིད་དང་དོན་དངོས་ཐོག་ནས་མི་སོ་སོའི་ནུས་པ་ལ་ཚད་ཡོད་པས། ཁོང་གིས་རང་ཉིད་ཀྱི་རྒྱལ་ཁབ་དང་མི་རིགས་ཆེད་སྐུ་ཚེ་གང་བཙོན་ཁང་དུ་བཞུགས་དགོས་བྱུང་བ་ནི། ཆོད་སེམས་དང་བློས་གཏོང་ཧ་ཅང་ཆེ་བའི་དཔའ་མོ་ཞིག་ཡིན་པ་མ་ཟད། ད་ལྟའི་དུས་རབས་འདིར་ཤར་ནུབ་ཀྱི་ཡུལ་གྲུ་ཁག་ནས་ཁོང་ལྟ་བུའི་བུད་མེད་ཅིག་མཐོང་དཀོན་པོར་གྱུར་ཡོད། ཁོང་དང་ཁོང་གི་ཚོགས་པས་སྲིད་དབང་འཛིན་པའི་རྣམ་པ་ཡོད་ཀྱང་། དོན་དངོས་ཐོག་དམག་དཔུང་གི་སྟངས་འཛིན་ལས་བརྒལ་དཀའ་བས། དེའི་གནས་སྟངས་ལ་གྲ་སྒྲིག་ཅིག་ཀྱང་མི་བྱེད་ཐབས་མེད་རེད་ལ། མདོར་ན་འབར་མའི་མི་མང་ནི་རང་དབང་དང་མང་གཙོ་ཁོང་གི་ཐུགས་རེ་བཅས་ལ་དགའ་བ་ར་སྤྲོད་བྱུང་ཡོད།

ཁོང་འབར་མའི་གཞུང་འཛིན་ཚོགས་པའི་ནང་ཡོད་སྐབས་རྒྱ་གཞུང་གི་དགོས་འདུན་དང་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་ཁག་གི་བྱེད་སྟངས་བཞིན། རྒྱ་ནག་གཅིག་གི་སྲིད་བྱུས་དང་། བོད་རྒྱ་ཁོངས་ཡིན་པར་མོས་མཐུན་བྱས་པ་དེ། བོད་དོན་འཐབ་རྩོད་ཀྱི་ཐོག་ནས་བློ་ཕམ་གྱི་གནས་ཚུལ་ཞིག་ཡིན་ཡང་། སྲིད་གཞུང་གི་དབང་ཆ་ཆ་ཚང་མེད་པའི་འགོ་ཁྲིད་ཅིག་གིས་དམག་དཔུང་གི་དྲག་ཤུགས་ལ་བསྟུན་དགོས་པ་དང་། བཙན་བྱོལ་བོད་གཞུང་གིས་ཀྱང་མ་འོངས་པར་མང་གཙོའི་ལམ་ལུགས་མི་དགོས་པར་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་འོག་སྡོད་རྒྱུའི་ཐག་གཅོད་བྱས་ཚར་རྗེས། རང་ཉིད་ཀྱི་རྒྱལ་ཁབ་དང་མི་རིགས་ཀྱི་ཁེ་ཕན་ཆེད་འདི་ལྟ་བུའི་རྣམ་འགྱུར་ཞིག་མི་སྟོན་ཐབས་མེད་དུ་གྱུར་ཡོད་པར་ཚོད་དཔག་བྱེད་ཐུབ། གང་ལྟར་ལྕམ་ཨང་སན་སུ་ཅི་སླར་ཡང་བཙོན་འཇུག་བྱས་ཀྱང་། རྒྱལ་སྤྱིའི་ཐོག་ནས་དམིགས་བསལ་འགུལ་བསྐྱོད་གང་ཡང་མེད་པ་དེ། འཛམ་གླིང་གི་རྒྱལ་ཁབ་དང་མི་རིགས་ཆུང་ངུ་དག་ནུས་ཤུགས་ཆེ་བའི་སྲིད་གཞུང་དག་གིས་ལག་ཆ་ཙམ་དུ་བེད་སྤྱོད་གཏོང་གི་ཡོད་པ་མངོན་གསལ་དུ་མཐོང་ཐུབ།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།