ཨང་སན་སུ་ཅི་ལ་ལོ་ངོ་བཞི་ཡི་བཙོན་འཇུག་ཁྲིམས་ཐག་བཅད་འདུག
འབར་མའི་ཁྲིམས་ཁང་ཞིག་གིས་ལྕམ་ཨང་སན་སུ་ཅི་ལ་ལོ་ངོ་བཞི་ཡི་བཙོན་འཇུག་ཁྲིམས་ཐག་བཅད་འདུག་པ་དང་། བཙན་དབང་ཐོག་ནས་གནས་དབྱུང་བཏང་ཟིན་པའི་སྲིད་འཛིན་ལ་ཡང་དེ་ལྟར་ཁྲིམས་ཐག་བཅད་འདུག སྲིད་དབང་བཙན་བཟུང་བྱེད་མཁན་དམག་གི་སྲིད་གཞུང་གིས་ལྕམ་ཁོང་ལ་ད་དུང་ཡང་ཉེས་འཛུགས་ཁག་ཅིག་ཐོག་ཁྲིམས་ཐག་བཅད་རྒྱུ་ལྷག་ཡོད་སྐོར་བརྗོད་འདུག
འབར་མའི་ཁྲིམས་ཁང་ཞིག་གིས་ལྕམ་ཨང་སན་སུ་ཅི་ལ་ལོ་ངོ་བཞི་ཡི་བཙོན་འཇུག་ཁྲིམས་ཐག་བཅད་འདུག་པ་དང་། བཙན་དབང་ཐོག་ནས་གནས་དབྱུང་བཏང་ཟིན་པའི་སྲིད་འཛིན་ལ་ཡང་དེ་ལྟར་ཁྲིམས་ཐག་བཅད་འདུག སྲིད་དབང་བཙན་བཟུང་བྱེད་མཁན་དམག་གི་སྲིད་གཞུང་གིས་ལྕམ་ཁོང་ལ་ད་དུང་ཡང་ཉེས་འཛུགས་ཁག་ཅིག་ཐོག་ཁྲིམས་ཐག་བཅད་རྒྱུ་ལྷག་ཡོད་སྐོར་བརྗོད་འདུག
ཟླ་༡༢ པའི་ཚེས་༦ ཉིན་འབར་མའི་ཁྲིམས་ཁང་ཞིག་གིས་ལྕམ་ཨང་སན་སུ་ཅི་ཡིས་ཁྲིམས་འགལ་བྱ་སྤྱོད་བརྒྱུད་སྐུལ་བྱས་པ་དང་། ཏོག་དབྱིབས་སྔོན་འགོག་གི་སྒྲིག་ཁྲིམས་དང་འགལ་ཡོད་པ་ཐག་གཅོད་བྱས་ཏེ་ཉེས་པ་རེ་རེར་ལོ་གཉིས་རེའི་བཙོན་འཇུག་ཁྲིམས་ཐག་བཅད་འདུག་པ་དང་། ཁོང་དང་ལྷན་དུ་ལས་གནས་ནས་བཙན་དབང་ཐོག་གནས་དབྱུང་བཏང་ཟིན་པའི་སྲིད་འཛིན་ཝིན་མཱིན་ཌ་ལ་ཡང་དེ་ལྟར་བཙོན་འཇུག་ཁྲིམས་ཐག་བཅད་འདུག
འབར་མའི་དམག་གི་སྒྲིག་འཛུགས་ཀྱིས་འདི་ལོའི་ཟླ་༢ པའི་ནང་མི་མང་གིས་འོས་འདེམས་བྱས་པའི་སྲིད་གཞུང་གི་དབང་ཆ་བཙན་འཕྲོག་བྱས་རྗེས། སྲིད་གཞུང་གི་འགོ་ཁྲིད་ལྕམ་ཨང་སན་སུ་ཅིར་དབང་ཆ་ལོག་སྤྱོད་དང་ལྐོག་ཟ་རུལ་སུངས། གཞུང་གི་གསང་བའི་ཁྲིམས་དང་འགལ་ཡོད་པ་སོགས་ཉེས་འཛུགས་བཅུ་གྲངས་ཤིག་བྱས་ཡོད་འདུག གལ་ཏེ་འབར་མའི་དམག་གི་སྲིད་གཞུང་གི་གནོན་ཤུགས་འོག་ཡོད་པའི་ཁྲིམས་ཁང་ཁག་གིས་ཉེས་འཛུགས་དེ་ཚོ་ཚང་མ་བདེན་པ་ཡིན་པའི་བཅད་ཁྲ་བཏང་ཚེ། ལྕམ་ཁོང་ལ་བཙོན་འཇུག་གི་ཁྲིམས་ཐག་རིང་ཤོས་དེ་ལོ་ངོ་༡༠༠ ལྷག་གཅོད་སྲིད་པ་རེད་འདུག
ཟླ་༢ པའི་ཚེས་༡ ཉིན་འབར་མའི་དམག་གི་སྒྲིག་འཛུགས་ཀྱིས་འོས་བསྡུ་དྲང་བདེན་བྱུང་མེད་སྐོར་བརྗོད་ནས། མང་གཙོའི་ལམ་ནས་འདེམས་ཐོན་བྱུང་བའི་འགོ་ཁྲིད་ཚང་མ་འཛིན་བཟུང་བྱས་ཏེ་སྲིད་དབང་བཙན་འཕྲོག་བྱས་ཡོད་པ་དང་། ཐོག་མར་ལོ་གཅིག་རིང་ཛ་དྲག་གི་བཀའ་རྒྱ་བཏང་ཡོད་ཀྱང་། ཟླ་བ་༦ སོང་རྗེས་སླར་ཡང་ལོ་གཉིས་རིང་དུས་འགྱངས་བྱས་ཡོད་པ་རེད། སྲིད་དབང་བཙན་འཕྲོག་དེར་རྒྱལ་སྤྱིའི་ཐོག་ནས་སྐྱོན་བརྗོད་དང་དཔལ་འབྱོར་ཉེས་ཆད་བཏང་ཡང་། དོན་ཕན་ལྡན་པའི་གནོན་ཤུགས་སྤྲད་ཐུབ་མེད་ཁར། དམག་གི་སྒྲིག་འཛུགས་ཀྱིས་ངོ་རྒོལ་བ་མི་མང་དཀྱུས་མ་མང་པོ་གསོད་བཞིན་ཡོད་པས། མི་མང་དཀྱུས་མ་མང་པོ་ཞིག་གིས་དྲག་པོའི་གྱེན་ལངས་བྱེད་རྒྱུ་ལས་ལམ་ཁ་གཞན་མེད་པར་ངོས་འཛིན་གྱིས་མཉམ་ཞུགས་བྱེད་བཞིན་འདུག
ད་ལྟ་བར་དུ་འབར་མའི་དམག་གི་སྒྲིག་འཛུགས་ཀྱིས་མི་མང་ལས་འགུལ་བ་དང་དྲག་པོའོ་གྱེན་ལངས་པ་༡༣༠༠ ལས་མང་བ་བསད་ཡོད་པ་དང་། ༡༠༠༠༠ ལས་མང་བ་བཙོན་འཇུག་བྱས་ཟིན་པ་རེད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།