ཨབ་གྷན་ནང་བུད་མེད་ཁེར་རྐྱང་རྒྱང་ཐག་རིང་པོར་འགྲུལ་སྐྱོད་བྱེད་མི་ཆོག་པ་བཟོས་འདུག
ཨབ་གྷ་ནི་སེ་ཐན་གྱི་སྲིད་གཞུང་དེ་ཏ་ལི་བྷན་དྲག་སྤྱོད་རུ་ཁག་གིས་བཟུང་རྗེས་སུ། རྒྱལ་སྤྱིའི་ནང་རྒྱལ་ཁབ་དེའི་བུད་མེད་ཀྱི་ཐོབ་ཐང་གནས་སྟངས་ལ་སེམས་འཚབ་བྱེད་བཞིན་པ་ལྟར། ཐེངས་འདིར་ཏ་ལི་བྷན་སྲིད་གཞུང་གིས་བུད་མེད་ཁེར་རྐྱང་རྒྱང་ཐག་རིང་པོར་འགྲུལ་སྐྱོད་བྱེད་མི་ཆོག་པའི་གསལ་བསྒྲགས་བྱས་འདུག
ཨབ་གྷ་ནི་སེ་ཐན་གྱི་སྲིད་གཞུང་དེ་ཏ་ལི་བྷན་དྲག་སྤྱོད་རུ་ཁག་གིས་བཟུང་རྗེས་སུ། རྒྱལ་སྤྱིའི་ནང་རྒྱལ་ཁབ་དེའི་བུད་མེད་ཀྱི་ཐོབ་ཐང་གནས་སྟངས་ལ་སེམས་འཚབ་བྱེད་བཞིན་པ་ལྟར། ཐེངས་འདིར་ཏ་ལི་བྷན་སྲིད་གཞུང་གིས་བུད་མེད་ཁེར་རྐྱང་རྒྱང་ཐག་རིང་པོར་འགྲུལ་སྐྱོད་བྱེད་མི་ཆོག་པའི་གསལ་བསྒྲགས་བྱས་འདུག
ཟླ་༡༢ པའི་ཚེས་༢༦ ཉིན་ཨབ་གྷན་གྱི་ཏ་ལི་བྷན་སྲིད་གཞུང་གི་བཟང་སྤྱོད་གོང་འཕེལ་དང་ངན་སྤྱོད་སྔོན་འགོག་གི་ལས་ཁང་ཞེས་པ་དེས་ལམ་སྟོན་གསལ་བསྒྲགས་ཤིག་སྤེལ་ཏེ། བུད་མེད་ཁེར་རྐྱང་ཞིག་རྒྱང་ཐག་ཀི་ལོ་མི་ཊར་༧༢ ལས་མང་བ་འགྲུལ་སྐྱོད་བྱེད་མི་ཆོག་པ་དང་། གལ་ཏེ་འགྲུལ་སྐྱོད་བྱེད་དགོས་ཚེ་བུད་མེད་དེའི་མཉམ་དུ་སྤུན་མཆེད་ཉེ་བོ་ཡིན་པའི་སྐྱེས་པ་ཞིག་ངེས་པར་དུ་འགྲུལ་སྐྱོད་བྱེད་དགོས་པ། འགྲུལ་སྐྱོད་སྐབས་སུ་བུད་མེད་ཚོའི་མགོ་རས་ངེས་པར་དུ་གྱོན་དགོས་པ། གལ་ཏེ་མགོ་རས་གྱོན་མེད་ཚེ་ཁ་ལོ་བ་ཚོས་བུད་མེད་དེ་རླངས་འཁོར་ནང་དུ་འཛུལ་འཇུག་མི་ཆོག་པའི་གསལ་བསྒྲགས་བྱས་འདུག
རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་གསལ་བསྒྲགས་གསར་པ་དེར་སྐྱོན་བརྗོད་དང་སྦྲགས། གསལ་བསྒྲགས་གསར་པ་དེས་བུད་མེད་ཚོ་བཙོན་པ་བཟོ་བའི་ཁ་ཕྱོགས་སུ་ཉེ་བར་འགྲོ་བཞིན་པ་ཞིག་ཡིན་པ་དང་། དེ་ལ་བརྟེན་ནས་བུད་མེད་རྣམས་རང་དབང་ཐོག་ནས་འགྲུལ་སྐྱོད་བྱེད་རྒྱུ་མེད་པ་བཟོས་པ་མ་ཟད། རང་དབང་ཐོག་ནས་གྲོང་ཁྱེར་གཞན་ཞིག་ལ་ལས་ཀའི་ཆེད་དུའམ། ཡང་ན་ཁྱིམ་གྱི་ཉེས་རྡུང་ལས་བྲོས་ཐུབ་རྒྱུ་མེད་པ་བཟོས་ཡོད་སྐོར་བརྗོད་འདུག
གསལ་བསྒྲགས་གསར་པ་དེའི་ནང་རླངས་འཁོར་གཏོང་མཁན་ཚོས་རླངས་འཁོར་ནང་དུ་གཞས་གཏོང་རྒྱུ་མཚམས་འཇོག་དགོས་སྐོར་ཡང་བཀོད་ཡོད་འདུག
བདུན་ཕྲག་གཅིག་གི་སྔོན་ལ་བཟང་སྤྱོད་གོང་འཕེལ་དང་ངན་སྤྱོད་སྔོན་འགོག་ལས་ཁང་གིས་བརྙན་འཕྲིན་ཁང་ཚོས་བུད་མེད་འཁྲབ་སྟོན་མི་སྣ་ཡོད་པའི་ལེ་ཚན་ཅན་གྱི་གློག་བརྙན་སྟོན་རྒྱུ་མཚམས་འཇོག་དགོས་པ་དང་། དེ་བཞིན་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གསར་འགྱུར་གཙོ་སྐྱོང་བ་བུད་མེད་གསར་འགོད་པ་ཚོས་ལས་རིམ་གཙོ་སྐྱོང་བྱེད་བཞིན་པའི་སྐབས་སུ། ངེས་པར་དུ་མགོ་རས་གྱོན་དགོས་སྐོར་བརྗོད་འདུག
ཏ་ལི་བྷན་རུ་ཁག་གིས་སྲིད་དབང་བཙན་བཟུང་བྱས་ནས་ཟླ་བ་གསུམ་ལྷག་འགྲོ་བཞིན་ཡོད་ཀྱང་། འབྲིང་རིམ་སློབ་གྲྭའི་བུད་མེད་སློབ་ཕྲུག་རྣམས་ད་དུང་ཡང་སློབ་གྲྭར་འགྲོ་ཐུབ་མེད་པས། དགེ་རྒན་ཁག་ཅིག་གིས་བརྗོད་དོན་ལ། སློབ་གྲྭར་འགྲོ་ཐུབ་ཀྱི་མེད་པའི་ཐོག་ཁྱིམ་གྱི་ནང་དུ་དཔལ་འབྱོར་གྱི་གནས་སྟངས་ཡག་པོ་མེད་རྐྱེན། ལོ་ན་༡༥ ལས་ཆུང་བའི་བུད་མེད་སློབ་ཕྲུག་མང་པོ་ཞིག་ནང་མིས་ཆང་ས་རྒྱག་ཏུ་འཇུག་གི་ཡོད་པ་དང་། དེའི་ཐོག་དགེ་རྒན་མང་ཆེ་བ་ཞིག་ལ་ཟླ་༦ པ་ནས་གླ་ཆ་ཐོབ་མེད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།