ཨབ་གྷན་ནང་བུད་མེད་སློབ་ཕྲུག་ཚོར་སློབ་གྲྭར་འགྲོ་མི་ཐུབ་པའི་དཀའ་ངལ་འཕྲད་བཞིན་འདུག 

ཨབ་གྷ་ནི་སེ་ཐན་གྱི་སྲིད་དབང་དེ་ཏ་ལི་བྷན་དྲག་སྤྱོད་རུ་ཁག་གིས་བཙན་འཕྲོག་བྱས་པའི་རྗེས་སུ། འབྲིང་རིམ་སློབ་གྲྭའི་བུད་མེད་སློབ་ཕྲུག་རྣམས་ད་དུང་ཡང་སློབ་གྲྭར་འགྲོ་ཆོག་གི་མེད་པས། དེ་ལ་བརྟེན་ནས་ནང་མི་ཚོས་བུད་མེད་ཕྲུ་གུ་ལོ་ཆུང་ཆུང་རྣམས་ཆང་ས་རྒྱག་ཏུ་འཇུག་པའི་གནས་ཚུལ་མང་དུ་འགྲོ་བཞིན་འདུག 

ཨབ་གྷ་ནི་སེ་ཐན་གྱི་སྲིད་དབང་དེ་ཏ་ལི་བྷན་དྲག་སྤྱོད་རུ་ཁག་གིས་བཙན་འཕྲོག་བྱས་པའི་རྗེས་སུ། འབྲིང་རིམ་སློབ་གྲྭའི་བུད་མེད་སློབ་ཕྲུག་རྣམས་ད་དུང་ཡང་སློབ་གྲྭར་འགྲོ་ཆོག་གི་མེད་པས། དེ་ལ་བརྟེན་ནས་ནང་མི་ཚོས་བུད་མེད་ཕྲུ་གུ་ལོ་ཆུང་ཆུང་རྣམས་ཆང་ས་རྒྱག་ཏུ་འཇུག་པའི་གནས་ཚུལ་མང་དུ་འགྲོ་བཞིན་འདུག 

ཟླ་༡༢ པའི་ཚེས་༨ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཉེ་ཆར་ཏ་ལི་བྷན་སྲིད་གཞུང་གི་ཤེས་ཡོན་བློན་ཆེན་གཞོན་པ་ཡིས་ལོ་རྗེས་མའི་ནང་ཤེས་ཡོན་སྲིད་བྱུས་གསར་པ་ཞིག་གཏན་འབེབས་མ་བྱས་པའི་བར་དུ། འབྲིང་རིམ་སློབ་གྲྭའི་ནང་དུ་བུད་མེད་སློབ་ཕྲུག་ཚོ་སློབ་སྦྱོང་བྱེད་མི་ཆོག་པ་དང་། ད་ལྟའི་ཕྱིར་འགྱངས་དེ་ནི་གཞུང་གིས་བུད་མེད་ཚོར་བདེ་འཇགས་ལྡན་པའི་ཁོར་ཡུག་གཅིག་བསྐྲུན་ཐབས་བྱེད་བཞིན་ཡོད་པས་ཡིན་པ། དེ་བཞིན་སློབ་གྲྭའི་ནང་བུ་དང་བུད་མེད་གཉིས་ཀྱི་འཛིན་གྲྭ་ལོགས་སུ་དབྱེ་རྒྱུ་གལ་ཆེན་ཡིན་སྐོར་བརྗོད་འདུག དེ་ཡང་ཏ་ལི་བྷན་དྲག་སྤྱོད་རུ་ཁག་གིས་སྲིད་དབང་བཙན་བཟུང་བྱས་པ་ནས་བཟུང་། ཨབ་གྷན་གྱི་སློབ་གྲྭ་ཁག་ཏུ་བུ་དང་བུད་མེད་ཀྱི་འཛིན་གྲྭ་ལོགས་སུ་བཟོས་ཟིན་ཡོད་པ་རེད་འདུག 

ཏ་ལི་བྷན་གྱི་རུ་ཁག་གིས་སྲིད་དབང་བཙན་བཟུང་བྱས་ནས་ཟླ་བ་གསུམ་ལྷག་འགྲོ་བཞིན་ཡོད་ཀྱང་། འབྲིང་རིམ་སློབ་གྲྭའི་བུད་མེད་སློབ་ཕྲུག་རྣམས་ད་དུང་ཡང་སློབ་གྲྭར་འགྲོ་ཐུབ་མེད་པས། དགེ་རྒན་ཁག་ཅིག་གིས་བརྗོད་དོན་ལ། སློབ་གྲྭར་འགྲོ་ཐུབ་ཀྱི་མེད་པའི་ཐོག་ཁྱིམ་གྱི་ནང་དུ་དཔལ་འབྱོར་གྱི་གནས་སྟངས་ཡག་པོ་མེད་རྐྱེན། ལོ་ན་༡༥ ལས་ཆུང་བའི་བུད་མེད་སློབ་ཕྲུག་མང་པོ་ཞིག་ནང་མིས་ཆང་ས་རྒྱག་ཏུ་འཇུག་གི་ཡོད་འདུག དེའི་ཐོག་དགེ་རྒན་མང་ཆེ་བ་ཞིག་ལ་ཟླ་༦ པ་ནས་གླ་ཆ་ཐོབ་མེད་པ་རེད། 

འོན་ཀྱང་ས་གནས་ཁག་ཅིག་ནང་དུ་ཏ་ལི་བྷན་གྱི་ས་གནས་འགོ་ཁྲིད་དང་གྲོས་མོལ་བྱས་ཏེ། བུད་མེད་རྣམས་འབྲིང་རིམ་སློབ་གྲྭར་འགྲོ་ཐུབ་པ་ཆགས་ཡོད་འདུག་ཀྱང་། ལམ་བར་དུ་ཏ་ལི་བྷན་གྱི་ཚོགས་མི་ཚོས་བུད་མེད་སློབ་ཕྲུག་རྣམས་ལ་ངོ་དང་སྐྲ་མཐོང་རྒྱུ་མེད་པ་རས་ཀྱིས་འགེབས་དགོས་སྐོར་བརྗོད་ནས་བསུན་གཙེར་བཟོ་བཞིན་འདུག་པས། བུད་མེད་མང་པོ་ཞིག་སློབ་གྲྭ་ནས་ཕྱིར་འཐེན་བྱས་འདུག 

གཞི་རིམ་སློབ་གྲྭ་ཁག་གི་ནང་དུ་བུད་མེད་སློབ་ཕྲུག་མང་པོ་ཞིག་ཀྱང་སློབ་གྲྭ་ནས་ཕྱིར་འཐེན་བྱེད་བཞིན་འདུག དེ་ཡང་ནང་མི་ཚོས་སློབ་ཕྲུག་རྣམས་ཀྱི་བདེ་འཇགས་དང་དཔལ་འབྱོར་གྱི་གནས་སྟངས་སོགས་ལ་བརྟེན་ནས། བུད་མེད་ཕྲུ་གུ་རྣམས་སློབ་གྲྭར་གཏོང་རྒྱུར་འདོད་མོས་བྱེད་ཀྱི་མེད་འདུག 

དེ་སྔོན་ཕྱི་ལོ་༡༩༩༦ ནས་༢༠༠༡ བར་ཏ་ལི་བྷན་གྱིས་ཨབ་གྷན་གྱི་སྲིད་དབང་བཟུང་བའི་སྐབས་སུ། སློབ་གྲྭ་དང་མཐོ་སློབ་ཁག་ཏུ་བུད་མེད་སློབ་གཉེར་བྱེད་རྒྱུ་བཀག་སྡོམ་བྱས་ཡོད་པ་རེད། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་བྱིས་པའི་ཐེབས་རྩ་ཡིས་ཨབ་གྷ་ནི་སེ་ཐན་ནང་དུ་བྱིས་པའི་ཆང་ས་མང་དུ་འགྲོ་བཞིན་པའི་གནས་ཚུལ་དེར་སེམས་འཚབ་ཆེན་པོ་ཡོད་སྐོར་བརྗོད་འདུག 

ཨབ་གྷན་གྱི་སློབ་གྲྭ་ཞིག་གི་འགན་འཛིན་གྱིས་སློབ་གྲྭ་སྒོ་བརྒྱབ་པའི་གནད་དོན་དེ་ནི་ཁོང་གི་སློབ་ཕྲུག་ཚོར་འཕྲད་བཞིན་པའི་དཀའ་ངལ་གཞན་དང་བསྡུར་ན་ཆུང་ཆུང་ཡིན་པ་དང་། ད་ལྟའི་ཆར་སློབ་ཕྲུག་ཚོར་ཁ་ལག་བཟའ་རྒྱུ་འདང་ངེས་ཤིག་མེད་ཁར། ལུས་དྲོ་བོ་ཉར་བའི་ཆ་རྐྱེན་ཡང་མེད་པ་སོགས་ཀྱི་དབུལ་འཕོང་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པས། སློབ་ཕྲུག་མང་པོ་ཞིག་གི་ཚེ་སྲོག་ཤོར་ཉེན་ཡོད་སྐོར་བརྗོད་འདུག 

ད་ལྟའི་ཆར་ཨབ་གྷ་ནི་སེ་ཐན་ནང་དུ་དཔལ་འབྱོར་གྱི་གནས་སྟངས་ཛ་དྲག་ཆགས་ཡོད་པས། མི་མང་རྣམས་ལ་ཉིན་རེའི་ཟས་རིགས་ཉོ་མི་ཐུབ་པ་དང་། ལས་ཀ་མེད་པ་སོགས་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་ཁར། ཨབ་གྷན་གྱི་སྲིད་གཞུང་དེ་ཏ་ལི་བྷན་དྲག་སྤྱོད་རུ་ཁག་གིས་བཙན་འཕྲོག་བྱས་རྗེས་རྒྱལ་སྤྱིའི་ནང་དུ་ཡོད་པའི་ཨབ་གྷན་གཞུང་གི་དཔལ་འབྱོར་རྣམས་བེད་སྤྱོད་གཏོང་རྒྱུ་མེད་པའི་བཀག་རྒྱ་འོག་བཞག་ཡོད་པ་རེད། འོན་ཀྱང་ཉེ་ཆར་རྒྱལ་སྤྱིའི་ནང་གི་དཔལ་འབྱོར་གྱི་སྟོབས་ཤུགས་ཆེ་བའི་རྒྱལ་ཁབ་༢༠ ཡི་ལྷན་ཚོགས་ཀྱིས། ཏ་ལི་བྷན་སྲིད་གཞུང་དེ་ངོས་ལེན་མི་བྱེད་པའི་ཐོག་ནས། ཨབ་གྷན་ནང་གི་དཔལ་འབྱོར་དཀའ་ངལ་དེ་སེལ་ཐབས་སུ་རོགས་དངུལ་སྤྲོད་རྒྱུར་མོས་མཐུན་བྱས་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།