ཨར་ཇེན་ཌི་ནའི་རྐང་སྤོལ་རུ་ཁག་ལ་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་གྱི་རྒྱལ་ཁ་ཐོབ་འདུག
ཟླ་འདིའི་ཚེས་༡༩ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཨར་ཇེན་ཌི་ནའི་རྐང་སྤོལ་རུ་ཁག་ལ་ལོ་ངོ་༣༦ རྗེས་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོ་ཡི་རྒྱལ་ཁ་ཐེངས་གསུམ་པ་དེ་ཐོབ་ཡོད་པའི་གནས་ཚུལ་ཐོན་འདུག
ཟླ་འདིའི་ཚེས་༡༨ ཉིན་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་(World cup) མཐའ་མའི་འགྲན་བསྡུར་དེ་ཉིད་ཨར་ཇེན་ཌི་ནའི་རྐང་སྤོལ་རུ་ཁག་དང་ཧྥ་རན་སིའི་རྐང་སྤོལ་རུ་ཁག་བར་རྩེས་ཡོད་པ་དང་། རྩེད་འགྲན་འགོ་བཙུགས་ནས་དུས་ཡུན་སྐར་མ་༢༣ ཙམ་གྱི་མཚམས་སུ་ཨར་ཇེན་ཌི་ནའི་རྐང་སྤོལ་རུ་ཁག་གིས་སྤོ་ལོ་དང་པོ་དང་། དུས་ཡུན་སྐར་མ་༣༦ ཙམ་ལ་སྤོ་ལོ་གཉིས་པ་དེ་བླུགས་ཡོད་པས། ལྟད་མོ་བ་ཚོས་ཨར་ཇེན་ཌི་ན་ལ་བཅོལ་བའི་རེ་བ་དེ་ཇེ་ཆེ་ཕྱིན་ཡོད་ན་ཡང་། རྩེད་མོ་འགོ་བཙུགས་ནས་སྐར་མ་༨༠ དང་༨༡ ཕྱིན་པའི་མཚམས་སུ། དུས་ཡུན་ཐུང་ངུ་ཞིག་གི་ནང་ཧྥ་རན་སིའི་རྐང་སྤོལ་རུ་ཁག་གིས་སྤོ་ལོ་གཉིས་བསྟུད་མ་བླུགས་ནས་རུ་ཁག་གཉིས་ཀྱི་ཐོབ་གྲངས་གཅིག་པ་ཆགས་པར་བརྟེན། རུ་ཁག་གཉིས་ཀྱི་རྒྱལ་ཕམ་ནི་སུས་ཀྱང་ཚོད་དཔག་བྱེད་དཀའ་བའི་གནས་སུ་གྱུར་ཡོད་འདུག དེ་ནས་དུས་ཡུན་སྐར་མ་༡༠༨ རྗོགས་པའི་སྐབས་སུ་ཨར་ཇེན་ཌི་ནའི་རྐང་སྤོལ་རུ་ཁག་གིས་སྤོ་ལོ་གསུམ་པ་དེ་བླུགས་ཡོད་པས་རྩེད་འགྲན་གྱི་རྒྱལ་ཁ་ནི་ཧ་ལམ་ཁོང་ཚོ་ལ་ཐོབ་པ་ལྟ་བུའི་གནས་སྟངས་ཆགས་ཡོད་ཀྱང་། དུས་ཡུན་སྐར་མ་༡༡༨ ཐོག་ལ་ཧྥ་རན་སིའི་རྐང་སྤོལ་རུ་ཁག་གིས་ཀྱང་སྤོ་ལོ་གསུམ་པ་དེ་བླུགས་ནས་རུ་ཁག་གཉིས་ཀྱི་ཐོབ་གྲངས་སླར་ཡང་གཅིག་པ་ཆགས་ཡོད་འདུག གང་ལྟར་རྩེད་འགྲན་གྱི་དུས་ཡུན་སྐར་མ་༡༢༠ རིང་སྤོ་ལོ་རུ་ཁག་གཉིས་ཀས་སྤོ་ལོ་གསུམ་རེ་བླུགས་ནས་ཐོབ་གྲངས་གཅིག་པ་ཆགས་པར་བརྟེན། ཉེས་ཆད་རྡོག་རྡེག་(Penalty kick) བཞུས་ནས་རྒྱལ་ཁའི་ཐག་གཅོད་བྱེད་དགོས་བྱུང་ཡོད་འདུག། སྐབས་དེ་ཨར་ཇེ་ཌི་ནའི་རྐང་སྤོལ་རུ་ཁག་གིས་སྤོ་ལོ་བཞི་བླུགས་ཡོད་པ་དང་། ཧྥ་རན་སིའི་རྐང་སྤོལ་རུ་ཁག་གིས་སྤོ་ལོ་གཉིས་མ་གཏོགས་བླུགས་ཐུབ་མེད་པར་བརྟེན། འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་གྱི་མཐའ་མའི་རྒྱལ་ཁ་དེ་ཨར་ཇེན་ཌི་ནིའི་རྐང་སྤོལ་རུ་ཁག་ལ་ཐོབ་ཡོད་འདུག
ཕྱི་ལོ་༡༩༧༨ ལོར་ཨར་ཇེན་ཌི་ནིའི་རྐང་སྤོལ་རུ་ཁག་ལ་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུའི་ཁྲོད་ཨང་དང་པོའི་བྱ་དགའ་ཐོག་མ་དེ་ཐོབ་ཡོད་པ་དང་། ཕྱི་ལོ་༡༩༨༦ ལོར་ཨང་དང་པོའི་བྱ་དགའ་ཐེངས་གཉིས་པ་དང་། ཐེངས་འདི་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུའི་ཁྲོད་དུ་བྱ་དགའ་ཨང་དང་པོ་ཐོབ་པ་དེ་ཐེངས་གསུམ་པ་ཆགས་ཡོད་འདུག
ཐེངས་འདི་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་རྩེད་འགྲན་ཁྲོད་ཨང་རིམ་བཞི་པ་སོན་མཁན་མོ་རོ་ཀོའི་(Morocco) རྐང་སྤོལ་རུ་ཁག་ལ་ཨ་སྒོར་ས་ཡ་$༢༥ དང་། ཨང་རིམ་གསུམ་པ་སོན་མཁན་ཁུ་རེ་ཤི་ཡའི་(Croatia) རྐང་སྤོལ་རུ་ཁག་ལ་ཨ་སྒོར་ས་ཡ་$༢༧ གྱི་བྱ་དགའ་ཐོབ་ཡོད་འདུག དེ་བཞིན་ཨང་རིམ་གཉིས་པ་སོན་མཁན་ཧྥ་རན་སིའི་རྐང་སྤོལ་རུ་ཁག་ལ་ཨ་སྒོར་ས་ཡ་$༣༠ དང་། རྩེད་མོའི་རྒྱལ་ཁ་ཨང་དང་པོ་ཐོབ་མཁན་ཨར་ཇིན་ཌི་ནའི་རྐང་སྤོལ་རུ་ཁག་ལ་ཨ་སྒོར་ས་ཡ་$༤༢ ཡི་བྱ་དགའ་ཐོབ་ཡོད་འདུག
འཛམ་གླིང་ཐོག་སྐད་གྲགས་ཤིན་ཏུ་ཆེ་བའི་རྐང་སྤོལ་རྩེད་འགྲན་པ་མེ་སི་(Lionel Messi) ཡིས་ཐེངས་འདིའི་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཁྲོད་དུ་ཁྱོན་བསྡོམས་སྤོལ་ལོ་བདུན་བླུགས་ཡོད་པ་དང་། ཁོང་ལ་གསེར་གྱི་སྤོ་ལོའི་བྱ་དགའ་སྟེ། རྩེད་འགྲན་པ་ཡག་ཤོས་ཀྱི་བྱ་དགའ་དེ་ཐོབ་ཡོད་འདུག ཕྱི་ལོ་༢༠༡༤ ལོར་ཁོང་ལ་རྩེད་འགྲན་པ་ཡག་ཤོས་ཀྱི་བྱ་དགའ་ཐོབ་མྱོང་ཡོད་པས་ཐེངས་འདི་རྩེད་འགྲན་པ་ཡག་ཤོས་ཀྱི་བྱ་དགའ་ཐོབ་པ་ཐེངས་གཉིས་པ་དེ་ཆགས་ཡོད་འདུག ཁོང་ནི་ད་ལོ་དགུང་ལོ་༣༥ ཡིན་པ་དང་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ནང་མཉམ་ཞུགས་བྱས་པར་མཐའ་མ་དེ་ཡང་ཆགས་ཡོད་འདུག
ཧྥི་རན་སིའི་རྐང་སྤོལ་རྩེད་མོ་བ་གྲགས་ཅན་ཨེམ་བྷ་པེ་(Kylian Mbappe) ཡིས་ཐེངས་འདིའི་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་གྱིི་ཁྲོད་དུ་སྤོལ་ལོ་བརྒྱད་བླུགས་ཡོད་པས་ཁོང་ལ་སྤོ་ལོ་མང་ཤོས་བླུག་མཁན་གྱི་གསེར་ལྷམ་(Golden Boot) གྱི་བྱ་དགའ་ཐོབ་ཡོད་འདུག་ལ། ཕྱི་ལོ་༡༩༦༦ ལོ་ནས་ད་བར་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་མཐའ་མའི་འགྲན་བསྡུར་ཁྲོད་དུ་སྤོ་ལོ་བསྟུད་མ་གསུམ་བླུག་མཁན་དང་པོ་དེ་ཆགས་ཡོད་འདུག
ལོ་བཞི་རེའི་རྗེས་སུ་ཐེངས་རེ་རྩེད་སྲོལ་ཡོད་པའི་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཐེངས་༢༣ པ་དེ་ཕྱི་ལོ་༢༠༢༦ ལོར་ཨ་རི་དང་ཁེ་ན་ཌ། མེག་སི་ཀོ་བཅས་སུ་བརྩེ་རྒྱུ་དང་། སྐབས་དེར་འགྲན་བསྡུར་གྱི་ནང་ལ་རུ་ཁག་༤༨ མཉམ་ཞུགས་བྱེད་རྒྱུ་བཅས་ཀྱི་གནས་ཚུལ་ཐོན་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།